བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ། །​འདི་ལྟ་བུའི་སྤྲིན་ཆེན་པོ་མངར་བ་བཞི་རོ་ཐམས་ཅད་དང་འདྲེས་པའི་ཆར་རྟག་ཏུ་འབེབས་པར་འདོད་པས་ནི་སྤྲིན་ཆེན་པོ་རྡོ་རྗེའི་མདོ་གཟུང་བར་བྱའོ། །​གཞན་དག་ལ་ཡང་རྒྱ་ཆེར་བཤད་པར་བྱའོ། །​ཤིན་ཏུ་དགའ་བ་ཡང་བསྐྱེད་པར་བྱའོ། །​དེ་ལ་མངོན་པར་བརྩོན་པར་ཡང་བྱའོ། །​སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལས་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་རིན་པོ་ཆེའི་མཛོད་ཀྱི་འབྱུང་གནས། ཆོས་ཀྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ་རྒྱས་པར་ཉོན་ཅིག །​སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ། །​ཏིང་ངེ་འཛིན་ཡང་དག་པར་སོགས་པར་ཡང་འགྱུར་རོ། །​ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ། །​ཐོས་པ་ཡང་དག་པར་སོགས་པར་ཡང་འགྱུར་རོ། །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་པ་ཐེ་ཙོམ་ཟ་བར་ཡང་མི་འགྱུར་རོ། །​མི་ཁོམ་པ་རྣམས་སུ་སྐྱེ་བར་ཡང་མི་འགྱུར་རོ། །​ཚེ་རབས་དྲན་པར་ཡང་འགྱུར་རོ། །​འཁོར་བའི་ལས་ཀྱི་ཞིང་གི་རྒྱ་མཚོ་ལ་སྲེད་པར་ཡང་འགྱུར་རོ། །​ཚེ་རབས་ཐམས་ཅད་དུ་ཐ་ན་རྨི་ལམ་ན་ཡང་སངས་རྒྱས་མཐོང་བ་དང་འབྲལ་བར་ཡང་མི་འགྱུར་རོ། །​དེ་དག་གི་དགེ་བའི་ཆོས་རྣམས་ལ་བར་ཆད་བྱ་བའི་ཕྱིར་བདུད་སྡིག་ཅན་གླགས་ལྟ་བ་དང་སྐབས་ཚོལ་བས་གླགས་རྙེད་པར་ཡང་མི་འགྱུར་རོ། །ང་རྒྱལ་ཆོམས་པར་ཡང་འགྱུར་རོ། །​གཟུངས་ཐོབ་པར་ཡང་འགྱུར་རོ། །​དེ་བཞིན་གཤེགས་པའི་ལྡེམ་པོ་ངག་དཔྱོད་པ་ལ་མཁས་པར་ཡང་འགྱུར་རོ། །​ཆོས་ཐམས་ཅད་ཀྱི་གསང་བའི་སྒོར་འཇུག་པར་ཡང་འགྱུར་རོ། །​དེ་བཞིན་གཤེགས་པའི་གཏེར་ཡང་དག་པར་སྟོན་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཚུལ་ལ་འཇུག་པར་ཡང་འགྱུར་རོ། །​དེ་བཞིན་གཤེགས་པའི་རྒྱ་མཚོའི་ཆུ་སྲིན་དུ་ཡང་འགྱུར་རོ། །​དེ་བཞིན་གཤེགས་པའི་གཞུང་ལུགས་ཀྱི་ནང་དུ་ཆུད་པར་ཡང་འགྱུར་རོ། །​དེ་བཞིན་གཤེགས་པའི་སྒྱུ་འཕྲུལ་གསང་བའི་སྲུངས་མར་ཡང་འགྱུར་རོ། །​དེ་བཞིན་གཤེགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232/UT22084-064-002-1523#UT22084-064-002-1523