མཁས་པའི་གཟི་བརྗིད་ཀྱི་རྒྱན་གྱིས་བརྒྱན་པ་ལ་འཇུག་པའི་སྟོབས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེ་ཐམས་ཅད་ལ་མཁས་པའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་རབ་ཏུ་དགའ་བ་ལ་འཇུག་པར་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་འོད་འཕྲོ་བ་དང་ལྡན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་གློག་གི་འོད་ཀྱི་རྣམ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་མི་འཇིགས་པ་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷའི་བུ་རིན་ཆེན་མེ་ཏོག་ཅེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​དུས་ཚོད་རྣམ་དག་ཡོན་ཏན་གྱི། །​འབྱུང་གནས་ཟབ་མོ་གསང་བའི་མཚོ། །​སེམས་ཅན་རྣམས་ལ་སྨན་སླད་དུ། །​ཆོས་རྣམས་སྣ་ཚོགས་སྟོན་པ་མཛད། །​མི་འཇིགས་པ་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་དྲུག་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། གནས་ཀྱི་རྣམ་པ་དང་བཅས་པ་ཡངས་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་སྲུང་བ་ཞི་བའི་དུས་ཚོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡང་དག་པའི་སྙིང་པོའི་གནས་ཀྱི་ལམ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཆུའི་གྲགས་པའི་དེ་ཁོ་ནའི་སྙིང་པོའི་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གྲུབ་པ་བསྔགས་པའི་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གྲགས་པ་སྙིང་པོའི་རྣམ་པའི་མཚམས་བཟང་པོའི་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྟག་ཏུ་དགའ་བ་རྒྱས་པའི་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞི་ནས་སྐྱེས་པའི་སྟོབས་ཀྱི་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྙིང་རྗེའི་སྟོབས་ཀྱི་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཟོད་པ་ལ་ངེས་པར་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྟག་ཏུ་གཙང་བའི་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་གནས་ཀྱི་རྣམ་པ་དང་བཅས་པ་ཡངས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷ་མོ་རིན་པོ་ཆེའི་རིགས་ཀྱི་འོད་ཅེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །​ཡེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232/UT22084-064-002-1574#UT22084-064-002-1574