རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་རླུང་མར་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདི་ལྟ་སྟེ། རྡོ་རྗེའི་དཀྱིལ་འཁོར་རྣམས་དང་། ཁོར་ཡུག་རི་དག་དང་། ཁོར་ཡུག་གི་རི་ཆེན་པོ་རྣམས་དང་། གླིང་ཆེན་པོ་བཞི་ཡོངས་སུ་འཛིན་པའི་གསེར་གྱི་དཀྱིལ་འཁོར་རྣམས་དང་། རྒྱ་མཚོ་རིན་པོ་ཆེའི་འབྱུང་གནས་དང་བཅས་པ་རྣམས་དང་། རི་རབ་དང་། རི་རབ་ཆེན་པོ་དང་། དེ་མ་ཡིན་པའི་རིན་པོ་ཆེའི་རི་དང་། གངས་དང་། རི་སྤོས་ཀྱི་ངད་ལྡང་བ་དང་། གྲོང་རྡལ་དང་། ནགས་ཚལ་དང་། གཞལ་མེད་ཁང་དག་དང་། འཛམ་བུའི་གླིང་དག་དང་། གླིང་ཆེན་པོ་བཞི་དག་དང་། སྟོང་དག་དང་། སྟོང་གཉིས་པ་དག་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་དག་བཀོད་པ་རྣམ་པར་ཕྱེ་བ་སྣ་ཚོགས་མངོན་པར་སྒྲུབ་བོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རླུང་མར་ཡང་ཕྱོགས་བཅུ་ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ཕུན་སུམ་ཚོགས་པ་ཉེ་བར་སྒྲུབ་བོ། །​སྐྱེད་དོ། །​ཡོངས་སུ་གཞོག་གོ། །​དེ་ལ་ཇི་ལྟར་གངས་ཀྱི་རི་ཕུན་སུམ་ཚོགས་པ་དེ་ལྟར་ནི་འཇིག་རྟེན་པའི་བསོད་ནམས་ཕུན་སུམ་ཚོགས་པ་རྣམས་བལྟའོ། །​ཇི་ལྟར་གླིང་ཆེན་པོ་བཞི་དང་རི་རབ་ཕུན་སུམ་ཚོགས་པ་དེ་ལྟར་ནི་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་རྣམས་བལྟའོ། །​ཇི་ལྟར་སྟོང་གི་འཇིག་རྟེན་གྱི་ཁམས་ཕུན་སུམ་ཚོགས་པ་དེ་ལྟར་ནི་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་རྣམས་བལྟའོ། །​ཇི་ལྟར་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཕུན་སུམ་ཚོགས་པ་དེ་ལྟར་ནི་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་རྣམས་བལྟའོ། །ཇི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཕུན་སུམ་ཚོགས་པ་དེ་ལྟར་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ། ཤིན་ཏུ་རྣམ་པར་དག་པར་གྲགས་པ་མཆོད་པ་ལ་དམིགས་པ་ཐམས་ཅད་ལ་ཡང་དག་པར་གནས་པ་རྣམས་ཀྱིས་ཐམས་ཅད་མངོན་དུ་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་བསོད་ནམས་བརྒྱ་པའི་མཚན་དང་ལྡན་པ་རྟག་ཏུ་མཉམ་པར་བཞག་པ་ཕུན་སུམ་ཚོགས་པ་རྣམས་བལྟའོ། །​དེ་ལ་རྒྱ་མཚོ་ལྟར་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོ་རྣམས་བལྟའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh231/UT22084-064-001-1085#UT22084-064-001-1085