ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །​འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ལ་དངོས་པོའི་དབང་གིས་བྱ་བ་རྣམ་པ་སྣ་ཚོགས་མཐའ་ཡས་པ་འབྱུང་སྟེ། ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱིས། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་དེ་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་འདི་ལྟ་བུ་འདི་དག་འབྱུང་ངོ་། །​འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དབང་གིས་ཁ་དོག་རྣམ་པ་ཐ་དད་པའི་མཛད་པ་འབྱུང་སྟེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་མཛད་པ་འདི་ལྟ་བུ་འདི་དག་འབྱུང་སྟེ། འཇམ་དཔལ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོན་པ་ཐོགས་པ་མེད་པའོ། །​འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པའི་མཁྱེན་པ་ཐོགས་པ་མེད་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རེ་རེ་དང་། གླིང་རེ་རེ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོར་འཇུག་པ་རྣམས་ལ་མཁྱེན་པ་ལ་ཐོགས་པ་མེད་དོ། །​འཇིག་རྟེན་གྱི་ཁམས་རེ་རེ་དག་གླིང་རེ་རེ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །​དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །​དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པ་གཞན་དང་གཞན་དག་མཁྱེན་པ་ལ་ཐོགས་པ་མེད་དོ། །​དེ་བཞིན་དུ་སྐད་ཅིག་སྐད་ཅིག་ལ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རྒྱ་མཚོ་གྲངས་མེད་པའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201/UT22084-062-001-791#UT22084-062-001-791