ཡེ་ཤེས་ལ་གནས་ཀྱིས། གཞན་དག་ཀྱང་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་ཡེ་ཤེས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་ཡེ་ཤེས་ནི་གཉིས་དང་གཉིས་སུ་མེད་པ་རྣམ་པར་དག་པ་གང་ཡིན་པའོ། །​བདག་ནི་ཆོས་རྣམས་རྟེན་ཅིང་མི་འབྱུང་ངོ་ཞེས་བྱ་བར་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་རྣམས་རྟེན་ཅིང་མི་འབྱུང་ངོ་ཞེས་བྱ་བར་མོས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་རྣམས་རྟེན་ཅིང་མི་འབྱུང་བ་ནི་རྐྱེན་རྣམས་མི་སྐྱེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བདག་ནི་ཆོས་ཐམས་ཅད་གནས་མེད་དོ་ཞེས་བྱ་བར་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་གནས་མེད་དོ་ཞེས་བྱ་བར་མོས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ཐམས་ཅད་གནས་མེད་དོ་ཞེས་བྱ་བ་ནི་ཕྱོགས་ཆ་ཐ་དད་པ་མེད་པའི་ཕྱིར་རོ། །​བདག་ནི་སངས་རྒྱས་ནམ་མཁའ་དང་མཚུངས་སོ་ཞེས་བྱ་བར་མོས་པ་ལ་གནས་ཀྱིས། གཞན་དག་ཀྱང་སངས་རྒྱས་ནམ་མཁའ་དང་མཚུངས་སོ་ཞེས་བྱ་བར་མོས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་ནམ་མཁའ་དང་མཚུངས་སོ་ཞེས་བྱ་བ་ནི་ཐ་དད་པ་མེད་པ་དང་རྟེན་པ་མེད་པའི་ཕྱིར་རོ། །​བདག་ནི་སངས་རྒྱས་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བའོ་ཞེས་བྱ་བ་ལ་གནས་ཀྱིས། གཞན་དག་ཀྱང་སངས་རྒྱས་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བའོ་ཞེས་བྱ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་དང་། སེམས་དང་། ཡིད་དང་རྣམ་པར་ཤེས་པ་དང་བྲལ་བའོ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་བརྙེས་པའི་ཕྱིར་ཏེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་སྦྱིན་པ་ལས་བྱུང་བའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201/UT22084-062-001-782#UT22084-062-001-782