བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ནང་དུ་ཡང་དག་འཇོག་ལ་གནས་ཀྱིས། གཞན་དག་ཀྱང་ནང་དུ་ཡང་དག་འཇོག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ནང་དུ་ཡང་དག་འཇོག་ནི་ལུས་དང་སེམས་དབེན་ཞིང་དགེ་བའི་རྩ་བ་བརྩམ་པ་ཐམས་ཅད་ལ་ཞུམ་པ་མེད་པ་གང་ཡིན་པའོ། །​བདག་ནི་འདུས་བྱས་ཀྱི་ཆོས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་འདུས་བྱས་ཀྱི་ཆོས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འདུས་བྱས་ཀྱི་ཆོས་ཉིད་ནི་ཆོས་ཐམས་ཅད་སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། སྒྲོ་བཏགས་པ་མ་ཡིན། སྒྲོ་མ་བཏགས་པ་མ་ཡིན། ལྷག་པར་བྱེད་པ་མ་ཡིན། ལྷག་པར་མི་བྱེད་པ་མ་ཡིན། དངོས་པོ་མ་ཡིན། དངོས་པོ་མེད་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། མཚན་ཉིད་མ་ཡིན། མཚན་ཉིད་མེད་པ་མ་ཡིན། གནས་མ་ཡིན། གནས་མེད་པ་མ་ཡིན། གཉིས་མ་ཡིན། གཉིས་སུ་མེད་པ་མ་ཡིན། གདེག་པ་མ་ཡིན། གཞོག་པ་མ་ཡིན། ལེན་པ་མ་ཡིན། གཏོང་བ་མ་ཡིན་པ་སྟེ། དེ་ལྟར་འཇུག་པ་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་ཆོས་ཉིད་ཅེས་བྱའོ། །​བདག་ནི་འདུས་མ་བྱས་ཀྱི་ཆོས་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་འདུས་མ་བྱས་ཀྱི་ཆོས་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འདུས་མ་བྱས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་ཆོས་དེ་དག་ཉིད་ལ་དབྱེར་མེད་པ། རློམ་སེམས་མེད་པ། སྒྲོ་མི་འདོགས་པ། མི་རྟོག་རྣམ་པར་མི་རྟོག་པ་གང་ཡིན་པ་སྟེ། དེ་ནི་འདུས་མ་བྱས་ཀྱི་ཆོས་ཉིད་ཅེས་བྱའོ། །​བདག་ནི་ཡང་དག་པར་མཐོང་བ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པར་མཐོང་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པར་མཐོང་བ་ནི་གཉིས་དང་གཉིས་སུ་མེད་པ་ལ་མཚན་ཉིད་མེད་པར་འཇུག་པ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཉིས་ཀྱི་རང་བཞིན་ལས་གཉིས་སུ་མེད་པ་གཞན་མ་ཡིན་པའི་ཕྱིར་ཏེ། གཉིས་ཀྱི་རང་བཞིན་ལས་གཉིས་སུ་མེད་པ་གཞན་མེད་པས་གཉིས་ཀྱི་རང་བཞིན་ཉིད་གཉིས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201/UT22084-062-001-770#UT22084-062-001-770