བསམ་པ་རབ་འབྲིང་ཐ་མ་རྣམས་ལ་འདི་ནི་ཉན་ཐོས་ཀྱི་ཐེག་པའོ། །​འདི་ནི་རང་སངས་རྒྱས་ཀྱི་ཐེག་པའོ། །​འདི་ནི་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་ཡོད་པ་ཐེག་པ་ཆེན་པོ་ཞེས་བྱ་བ་ཐ་དད་པ་འབྱུང་སྟེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་དེ་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་འདི་ལྟ་བུ་འདི་འབྱུང་ངོ་། །​འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཉི་མའི་འོད་ནི་གནས་དང་དམིགས་པའི་དབང་གིས་གྲིབ་མ་སྣ་ཚོགས་སུ་འགྱུར་ཡང་ཉི་མའི་འོད་ནི་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་མི་རྟོག་རྣམ་པར་མི་རྟོག་གོ། །​འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སེམས་ཅན་རྣམས་ཀྱི་བསམ་པ་དང་དམིགས་པའི་དབང་གིས་ཡེ་ཤེས་ཐ་དད་པ་སྣ་ཚོགས་སུ་འགྱུར་ཏེ། དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་དེ་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་འདི་ལྟ་བུ་འདི་འབྱུང་ངོ་། །​འདི་ལ་ཐེག་པའམ་ཐེག་པ་མ་ཡིན་པ་ནི་གང་ཡང་མེད་དེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་སེལ་བ་ལ་གནས་ཀྱིས། གཞན་དག་ཀྱང་སེམས་ཅན་གྱི་ཀུན་ནས་ཉོན་མོངས་པ་སེལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་ནི་ལུས་ལ་གནོད་པ་དང་སེམས་ལ་གནོད་པའོ། །​བདག་ནི་ཆོས་སྣང་བའི་སྒོའི་ཤེས་རབ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་སྣང་བའི་སྒོའི་ཤེས་རབ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། འཇམ་དཔལ་དེ་ལ་ཆོས་སྣང་བའི་སྒོའི་ཤེས་རབ་ནི་ཆོས་བཞིས་འབྱུང་བར་འགྱུར་རོ། །​བཞི་གང་ཞེ་ན། འདི་ལྟ་སྟེ། དད་པ་དང་། བག་ཡོད་པ་དང་། བསམ་པ་དང་། ལྷག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201/UT22084-062-001-768#UT22084-062-001-768