དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཁོང་ཁྲོ་བ་མེད་པའི་སེམས་ལ་གནས་ཀྱིས། གཞན་དག་ཀྱང་ཁོང་ཁྲོ་བ་མེད་པའི་སེམས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཁོང་ཁྲོ་བ་མེད་པའི་སེམས་ནི་སེམས་ཅན་ཐམས་ཅད་སྲུང་བ་གང་ཡིན་པའོ། །​བདག་ནི་སྤོང་བ་ལ་གནས་ཀྱིས། གཞན་དག་ཀྱང་སྤོང་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྤོང་བ་ནི་དུས་གསུམ་གྱི་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་འཇུག་པ་གང་ཡིན་པའོ། །​བདག་ནི་ཆོས་ལ་དམིགས་པའི་བྱམས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ལ་དམིགས་པའི་བྱམས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ལ་དམིགས་པའི་བྱམས་པ་ནི་ཆོས་ཐམས་ཅད་ལ་མི་དམིགས་ཤིང་མི་དམིགས་པ་ལ་ཡང་རློམ་སེམས་མེད་པའོ། །བདག་ནི་དང་པོའི་བསོད་ནམས་ཀྱི་ཚོགས་ལ་གནས་ཀྱིས། གཞན་དག་ཀྱང་དང་པོའི་བསོད་ནམས་ཀྱི་ཚོགས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དང་པོའི་བསོད་ནམས་ཀྱི་ཚོགས་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་འཇུག་པ་གང་ཡིན་པའོ། །​དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་འཇུག་པ་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་ཡང་དག་པར་བསྡུས་པའི་བྱམས་པ་དང་། སེར་སྣའི་སེམས་ཚར་གཅོད་པ་དང་། འཆལ་པའི་ཚུལ་ཁྲིམས་སེལ་བ་དང་། གནོད་སེམས་སྤོང་བ་དང་། ལེ་ལོ་སེལ་བ་དང་། རྣམ་པར་གཡེང་བ་ཀུན་དུ་སྤྱོད་པ་མེད་པ་དང་། འཆལ་པའི་ཤེས་རབ་སྤོང་བ་དང་། བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་ས་དང་མཚུངས་པ་དང་། ཐེག་པ་དམན་པ་ལ་མོས་པ་མེད་པ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་བྱ་བ་ལ་བརྩོན་ཞིང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201/UT22084-062-001-760#UT22084-062-001-760