ཀུ་མུ་ད་དང་། པད་མ་དཀར་པོ་དང་། མེ་ཏོག་ཆེན་པོས་གཏོར་བ་ན་བཞུགས་ཏེ། ཆགས་པ་མེད་པར་བཀོད་པའི་སྙིང་པོའི་སེང་གེའི་ཁྲི་ལ་བཅོམ་ལྡན་འདས་བློ་ཤིན་ཏུ་རྣམ་པར་དག་པ། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་ཤིན་ཏུ་གཞོལ་བ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། སྒྲིབ་པ་མི་མངའ་བས་རྟོགས་པར་ཐུགས་སུ་ཆུད་པ། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་མི་འཕྲོགས་པ། རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་པ། དུས་གསུམ་མཉམ་པ་ཉིད་ཚར་ཕྱིན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་སྐུ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པའི་ཡེ་ཤེས་མངའ་བ་སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། སངས་རྒྱས་ཀྱི་ཡེ་ཤེས་ལ་ནེམ་ནུར་མེད་པ། རྣམ་པར་མི་རྟོག་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་རྫོགས་པ། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་ཐུགས་སུ་ཆུད། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་རྒྱུན་མི་འཆད་པ། ཕྱི་མའི་མཐའི་མུའི་བསྐལ་པ་བགྲངས་པ་ཐམས་ཅད་དུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་བྱིན་གྱིས་རློབ་པ། ཆགས་པ་མེད་པའི་བཀོད་པའི་སྙིང་པོ་ཡང་དག་པར་སྟོན་པ། མ་ཆགས་པའི་ཡེ་ཤེས་མངའ་བ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་བྱ་དབྱེར་མེད་ཅིང་མི་གནས་པ། དུས་གཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དགའ་ལྡན་གྱི་གནས་མཆོག་ན་བཞུགས་པ་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱད་པའི་སྦྱོར་བ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201/UT22084-062-001-713#UT22084-062-001-713