ཤེས་པ་ནི་མི་ཤེས་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། མི་ཤེས་པའི་རང་བཞིན་ལས་ཤེས་པ་གཞན་མེད་པས་མི་ཤེས་པའི་རང་བཞིན་ཉིད་ཤེས་པ་སྟེ། མི་ཤེས་པའི་རང་བཞིན་གྱི་ཤེས་པ་དེས་ཆོས་ཐམས་ཅད་ཤེས་པའོ། །​བདག་ནི་ཡོད་པ་དང་དབྱེར་མེད་པའི་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཡོད་པ་དང་དབྱེར་མེད་པའི་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡོད་པ་དང་དབྱེར་མེད་པའི་མེད་པ་ནི་ཡོད་པའི་རང་བཞིན་གང་ཡིན་པའོ། །​དེ་ཅིའི་ཕྱིར་ཞེ་ན། མེད་པའི་རང་བཞིན་ནི་ཡོད་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། ཡོད་པའི་རང་བཞིན་ལས་མེད་པ་གཞན་མེད་པས་ཡོད་པའི་རང་བཞིན་ཉིད་མེད་པ་སྟེ། ཡོད་པའི་རང་བཞིན་གྱི་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་མེད་པའོ། །​བདག་ནི་རྣམ་པར་རིག་པ་དང་དབྱེར་མེད་པ་རྣམ་པར་རིག་པ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་རྣམ་པར་རིག་པ་དང་དབྱེར་མེད་པ་རྣམ་པར་རིག་པ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྣམ་པར་རིག་པ་དང་དབྱེར་མེད་པ་རྣམ་པར་རིག་པ་མེད་པ་ནི་རྣམ་པར་རིག་པའི་རང་བཞིན་གང་ཡིན་པའོ། །​དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རིག་པ་མེད་པ་ནི་རྣམ་པར་རིག་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། རྣམ་པར་རིག་པའི་རང་བཞིན་ལས་རྣམ་པར་རིག་པ་མེད་པ་གཞན་མེད་པས་རྣམ་པར་རིག་པའི་རང་བཞིན་ཉིད་རྣམ་པར་རིག་པ་མེད་པའོ། །​རྣམ་པར་རིག་པའི་རང་བཞིན་གྱི་རྣམ་པར་རིག་པ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་རྣམ་པར་རིག་པ་མེད་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་མིང་དང་དབྱེར་མེད་པ་མིང་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་མིང་དང་དབྱེར་མེད་པ་མིང་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མིང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201/UT22084-062-001-722#UT22084-062-001-722