མེ་ཏོག་ཐམས་ཅད་དེ་བཞིན་གཤེགས་པ་མར་མེ་མཛད་ལ་མཆོད་པ་བྱ་དགོས་ཀྱིས། འདི་ལྟར་སུ་ཡང་མེ་ཏོག་འཚོང་དུ་འང་མི་གནང་། ཉོར་ཡང་མི་གནང་ངོ་། །​གང་ཞིག་གིས་ཉོས་སམ་བཙོངས་ན་ངས་དེ་ཆད་པ་ཆེན་པོ་གཅད་དོ་ཞེའོ། །​ལན་གསུམ་གྱི་བར་དུ་བསླང་བ་དང་དེ་བཞིན་བྱའོ་ཞེས་ཟེར་རོ། །​དེ་ནས་བུ་མོ་བཟང་ལེན་ལྡན་གྱིས་བུམ་པ་བླངས་ནས་ཨུད་པ་ལ་བདུན་བཅུག་སྟེ། གྲོང་ཁྱེར་དུ་སོང་ནས་བྲམ་ཟེའི་ཁྱེའུ་སྤྲིན་མཐོང་བ་དང་མདུན་དུ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །​བྲམ་ཟེའི་ཁྱེའུ་ཅི་ཚོལ། བུ་མོ་མེ་ཏོག་ཚོལ་ལོ། །​སྨྲས་པ། བྲམ་ཟེའི་ཁྱེའུ་ཅི་བྱ། སྨྲས་པ། བུ་མོ་བསྐྱེད་པར་བྱའོ། །​བུ་མོས་སྨྲས་པ། ཨུད་པ་ལ་བཏོགས་ཟིན་པ་གང་དག་ཡང་སྐྱེ་བར་འགྱུར་བ་ནི་ཁོ་མོས་ནམ་ཡང་མ་ཐོས་མ་མཐོང་ངོ་། །​སྨྲས་པ། བུ་མོ་གང་ལ་བསྐྱེད་པ་ཙམ་གྱིས་སྐྱེ་བའི་བསོད་ནམས་ཀྱི་ཞིང་དེ་ལྟ་བུ་ལ་བསྐྱེད་དོ། །​དེས་སྨྲས་པ། གལ་ཏེ་ཁོ་མོ་གང་དང་གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ་ཁྱོད་ཁོ་མོའི་ཁྱིམ་ཐབ་ཏུ་འགྱུར་བ་དམ་འཆའ་ན་དེའི་ཕྱིར་ཨུད་པ་ལ་སྦྱིན་ནོ། །​དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་འདི་སྙམ་དུ་སེམས་ཏེ། བདག་ནི་དགོན་པ་དང་རབ་ཏུ་དབེན་པ་ན་གནས་པ་ཡིན་ལ། བུད་མེད་ནི་རྒོད་པ། འཕྱར་བ། དགེ་བའི་རྩ་བའི་བར་ཆད་བྱེད་པ་ཡིན་པས་བུད་མེད་འདིས་ཅི་ཞིག་བྱ་སྙམ་མོ། །​ལན་བདུན་གྱི་བར་དུ་སྨྲས་པ་དང་། དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ། །​དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །​འདི་སྐད་ངས་ཐོས་སྔོན་སྲིད་ན། །​སངས་རྒྱས་མར་མེ་འཇིག་རྟེན་བྱུང་། །​འཁོར་ནི་མང་པོ་བདུན་སྟོང་དང་། །​པད་མ་ཅན་དུ་དེ་ཕྱིན་ཏོ། །​དེ་ཡི་ཕྱིར་ནི་རྒྱལ་མཚན་བསྒྲེངས། །​རྔ་ནི་བརྒྱ་ཕྲག་དེ་ཕྱིར་བརྡུངས། །​གྲོང་ཁྱེར་ཐམས་ཅད་ཀུན་སྦྱངས་ཤིང་། །​ལམ་སྲང་བཞི་ནི་དེ་ཕྱིར་བརྒྱན། །​གྲོང་ཁྱེར་བརྒྱན་པ་དེ་མཐོང་ནས། །​བྲམ་ཟེའི་ཁྱེ་འུས་དྲིས་པ་ནི། །​གང་གི་ཕྱིར་ནི་རྒྱལ་མཚན་བསྒྲེངས། །​གང་ཕྱིར་རྔ་ནི་བརྒྱ་ཕྲག་བརྡུངས། །​གྲོང་ཁྱེར་ཐམས་ཅད་ཀུན་སྦྱངས་ཤིང་། །​གང་ཕྱིར་ལམ་སྲང་བཞི་བརྒྱན་པའི། །​བསམ་པ་དེ་ནི་ལུང་སྟོན་ཅིག །​རིག་བྱེད་ཤེས་ཁྱོད་མ་ཐོས་སམ། །


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh188/UT22084-061-008-342#UT22084-061-008-342