ཡོ་བྱད་བྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡོ་བྱད་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །​དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། ཡོ་བྱད་ཡོངས་སུ་བཏང་བ་དེས། །​བདག་གིས་ཀྱང་ནི་ལུས་ཅན་གྱི། །​བྱང་ཆུབ་ཡོ་བྱད་བཙལ་བ་དག །​ཡོངས་སུ་རྫོགས་པར་བྱེད་གྱུར་ཅིག །​ཡོ་བྱད་རབ་ཏུ་བྱིན་པ་ཡིས། །​གང་དང་གང་དུ་སྐྱེས་པ་དེར། །​རྣམ་པ་ཀུན་གྱི་མཆོག་ལྡན་པའི། །​ཡན་ལག་ཐམས་ཅད་རྫོགས་པར་འགྱུར། །​དེ་ལ་སྨན་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། སྨན་གྱི་སྦྱིན་པ་ཞེས་བྱ་བ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་རྒ་བ་དང་འཆི་བ་མེད་པའི་བདུད་རྩིའི་བདེ་བ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དགས་ཡིན་གྱིས། བདག་གིས་སྨན་གྱི་སྦྱིན་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ། །དེ་སྨན་གྱི་སྦྱིན་པ་དེ་སྦྱིན་པ་ན། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་སྨོན་ལམ་བཞིན་དུ། སྨན་བྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་རྒ་བ་དང་། འཆི་བ་མེད་པའི་བདུད་རྩིའི་བདེ་བ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །​དེ་ལ་འདི་སྐད་ཅེས་བྱ་སྟེ། རྩི་དང་སྨན་གྱི་སྦྱིན་པ་ཡིས། །​སེམས་ཅན་ཐམས་ཅད་ཚེ་དཔག་མེད། །​ཐམས་ཅད་མཁྱེན་པའི་བདུད་རྩི་ཡང་། །​མྱུར་བ་ཉིད་དུ་ཐོབ་གྱུར་ཅིག །​རྩི་དང་སྨན་གྱི་སྦྱིན་པ་ཡིས། །​ཟླ་བ་ཉ་ལྟར་ནད་མེད་ཅིང་། །​གནོད་ཆུང་སྐྱིད་ཅིང་བདེ་བར་གནས། །​མི་རྣམས་ཚེ་ནི་རིང་བར་འགྱུར། །​དེ་ལ་བྲན་དང་བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་དགའ་དང་། རང་དབང་དང་། རང་བྱུང་གི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དགས་ཡིན་གྱིས། བདག་གིས་བྲན་དང་། བྲན་མོ་དང་། ལས་བྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh182/UT22084-061-002-346#UT22084-061-002-346