བསམ་པའི་རྗེས་སུ་སོང་བའི་ཏིང་ངེ་འཛིན་རབ་ཏུ་རྙེད་པར་བྱ་བའི་ཕྱིར་བརྩོན་པར་བྱའོ། །​དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་དེས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོ་དེས་སྨོན་ལམ་དེ་དག་བསྒྲགས་མ་ཐག་ཏུ་དེས་སྨོན་ལམ་དེ་དག་ཐམས་ཅད་བཏབ་བོ། །​དེ་ནས་བཅོམ་ལྡན་འདས་དེས་དེའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །​འཇམ་དཔལ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་ཞེས་བྱ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་དེའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་དེ་སྙེད་དང་ལྡན་ནོ། །​དེ་ལྟ་བས་ན་འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྨོན་པའི་སྨོན་ལམ་དེ་དག་ལ་བསླབ་པར་བྱའོ། །​ཇི་ལྟར་སྨོན་པའི་སྨོན་ལམ་ལ་སློབ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དང་ལྡན་པས་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱེད་དོ། །​དེའི་ཚེའི་ཚད་དཔག་ཏུ་མེད་པར་འཛིན་ཏེ། སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་ཡང་ཚེའི་ཚད་དཔག་ཏུ་མེད་པ་འཛིན་དུ་འཇུག་གོ། །​འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དགེ་བ་འབྱུང་བ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། དགེ་བ་འབྱུང་བའི་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྤོས་མཆོག་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh124/UT22084-054-005-1144#UT22084-054-005-1144