ཆོས་དེ་དག་གང་ཡིན་པ་དང་། ཇི་ལྟ་བུ་ཡིན་པ་དང་ཅི་འདྲ་བ་དང་། མཚན་ཉིད་གང་ཡིན་པ་དང་ངོ་བོ་ཉིད་ཅི་ཡིན་པ་ཡང་མཁྱེན་ཏོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱས་པར་སྟོན་ཅིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །​ལྷ་མིར་བཅས་པའི་འཇིག་རྟེན་ན། །དཔའ་བོ་ཆེན་པོ་དཔག་མེད་པ། །​རྣམ་འདྲེན་སེམས་ཅན་ཐམས་ཅད་ཀྱིས། །​རྣམ་པ་ཀུན་ཏུ་ཤེས་མི་ནུས། །​དེ་དག་སྟོབས་དང་རྣམ་ཐར་དང་། །​འཇིགས་མེད་གང་དག་ཅི་འདྲ་དང་། །​སངས་རྒྱས་ཆོས་རྣམས་ཅི་འདྲ་བ། །​སུས་ཀྱང་ཤེས་པར་མི་ནུས་སོ། །​སངས་རྒྱས་བྱེ་བའི་གན་དག་ན། །​ཟབ་ཅིང་ཤིན་ཏུ་ཕྲ་བ་དང་། །​རིག་དཀའ་མཐོང་བར་དཀའ་བ་ཡི། །​སྤྱོད་པ་དག་ནི་སྔན་ཆད་བསྙེན། །​བསྐལ་པ་བྱེ་བ་བསམ་ཡས་སུ། །​སྤྱོད་པ་དེ་དག་སྤྱད་པ་ཡི། །​འབྲས་བུ་དེ་ནི་ཅི་འདྲ་བ། །​བྱང་ཆུབ་སྙིང་པོར་ངས་མཐོང་ངོ་། །​དེ་ནི་འཇིག་རྟེན་རྣམ་འདྲེན་པ། །​གཞན་དག་དང་ནི་ངས་ཀྱང་དེ། །​ཅི་ལྟ་ཡིན་དང་ཅི་འདྲ་དང་། །​དེ་ཡི་མཚན་ཉིད་ཅི་འདྲ་ཤེས། །​དེ་ནི་བསྟན་དུ་མི་ནུས་ཏེ། །​དེ་ནི་བརྗོད་དུ་ཡོང་མེད་དོ། །​མོས་པ་ལ་ནི་གང་གནས་པ། །​བྱང་ཆུབ་སེམས་དཔའ་མ་གཏོགས་པར། །​གང་ལ་ཆོས་དེ་བསྟན་པ་དང་། །​བསྟན་པ་དག་ཀྱང་ཤེས་པ་ཡི། །​དེ་འདྲའི་སེམས་ཅན་སུ་ཡང་ནི། །​འཇིག་རྟེན་དག་ན་ཡོད་མ་ཡིན། །​གང་དག་འཇིག་རྟེན་མཁྱེན་པའི་ཉན་ཐོས་པ། །​ལྷག་པར་བྱས་པ་བདེ་བར་གཤེགས་པས་བསྔགས། །​ཟག་ཟད་ཐ་མའི་ལུས་འཛིན་དེ་དག་གི། །​ཡུལ་ནི་རྒྱལ་བའི་ཡེ་ཤེས་འདི་ལ་མེད། །​གལ་ཏེ་འཇིག་རྟེན་དེ་དག་ཐམས་ཅད་དུ། །​ཤཱ་རིའི་བུ་དང་འདྲ་བས་གང་གྱུར་ཏེ། །​གཅིག་ཏུ་འདུས་པར་གྱུར་ནས་རྣམ་བསམས་ཀྱང་། །​དེ་དག་བདེར་གཤེགས་ཡེ་ཤེས་ཤེས་མི་ནུས། །​གལ་ཏེ་ཁྱོད་དང་འདྲ་བའི་མཁས་རྣམས་ཀྱིས། །​ཕྱོགས་རྣམས་བཅུ་ཅར་གང་བར་གྱུར་པ་དང་། །​གང་ཡང་ང་ཡི་ཉན་ཐོས་འདི་གཞན་རྣམས། །​དེ་དག་གིས་ཀྱང་དེ་བཞིན་གང་གྱུར་ཏེ། །​དེ་དག་ཐམས་ཅད་གཅིག་ཏུ་དེང་འདུས་ནས། །​བདེ་བར་གཤེགས་པའི་ཡེ་ཤེས་རྣམ་བསམས་ཀྱང་། །​ཇི་ཙམ་ཚད་མེད་ཡེ་ཤེས་ངས་ཤེས་པ། །​ཐམས་ཅད་འདུས་པས་ཤེས་པར་མི་ནུས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh113/UT22084-051-001-6027#UT22084-051-001-6027