བླ་མར་བྱས། རིམ་གྲོ་བྱས། མཆོད་པ་བྱས་པའི་བསོད་ནམས་དེ་ནི་མཚུངས་པར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་འདི་ལས་ངེས་པར་བྱུང་བའི་ཕྱིར་རོ། །​ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལེན་ཅིང་འཛིན་ལ། ཀུན་ཆུབ་པར་བྱེད་ཅིང་ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་ནི་སེམས་ཅན་དམྱལ་བར་མི་འགྲོ་བར་ཤེས་པར་བྱའོ། །​དུད་འགྲོའི་སྐྱེ་གནས་སུ་མི་འགྲོ་བ་དང་། གཤིན་རྗེའི་འཇིག་རྟེན་དུ་མི་འགྲོ་བར་ཤེས་པར་བྱའོ། །​ཉན་ཐོས་ཀྱི་སར་ལྟུང་བའི་འཇིགས་པ་མེད་པར་ཤེས་པར་བྱའོ། །​རང་སངས་རྒྱས་ཀྱི་སར་ལྟུང་བའི་འཇིགས་པ་མེད་པར་ཤེས་པར་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྡིག་པ་ཐམས་ཅད་སེལ་བ་དང་། ནད་ཐམས་ཅད་འཇིག་པར་བྱེད་པ་ཡིན་པའི་ཕྱིར་རོ། །​ཀུན་དགའ་བོ་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ནས་འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། འདི་ལྟ་སྟེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོ་བྱེད། མཆོད་པ་བྱེད་པ་དེ་ནི་འཇིགས་པ་ག་ལས་ཀྱང་མི་འབྱུང་བར་ཤེས་པར་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11/UT22084-031-002-5511#UT22084-031-002-5511