གཏོགས་པར་ནམ་ཡང་ངན་སོང་རྣམས་སུ་མི་སྐྱེའོ། །​སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །​སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་རོ། །​ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་དང་ཕན་ཡོན་དེ་དག་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པ་མི་འདོར་བར་རྟག་ཏུ་དེ་ལྟར་བརྩོན་པར་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣལ་འབྱོར་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་འདི་ནི་མཆོག་ཡིན་པའི་ཕྱིར་རོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣལ་འབྱོར་འདི་ནི་དེ་ལས་གཞན་པའི་རྣལ་འབྱོར་ཐམས་ཅད་ཟིལ་གྱིས་མནན་ནས་གནས་སོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣལ་འབྱོར་འདི་ལ་གནས་པ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་མངོན་པར་སྒྲུབ་བོ། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མངོན་པར་སྒྲུབ་བོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣལ་འབྱོར་འདི་ལ་གནས་པ་ནི། ནམ་ཡང་སེར་སྣའི་སེམས་མི་སྐྱེད་དོ། །​འཆལ་བའི་ཚུལ་ཁྲིམས་ཀྱི་སེམས་དང་། འཁྲུག་པའི་སེམས་དང་། ལེ་ལོའི་སེམས་དང་། རྣམ་པར་གཡེངས་པའི་སེམས་དང་། ཤེས་རབ་འཆལ་བའི་སེམས་མི་སྐྱེད་དོ། །​དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། དེ་དག་དང་གཞན་ཡང་དགེ་སློང་མངོན་པར་གྲགས་པ་རབ་ཏུ་མང་པོ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་། དགེ་བསྙེན་དང་དགེ་བསྙེན་མ་དག་གིས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11/UT22084-031-002-4822#UT22084-031-002-4822