འདི་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཆོས་གང་ཡང་ཆོས་དང་ལྷན་ཅིག་ཏུ་ཡང་དག་པར་འདུ་བ་མེད་པའི་ཕྱིར་རོ། །​ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །​དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །​ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་སུ་མི་བྱེད་དོ། །​དེ་བཞིན་དུ་ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཚོར་བར་མི་བྱེད་དོ། །​འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུ་ཤེས་པར་མི་བྱེད་དོ། །​འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མངོན་པར་འདུ་མི་བྱེད་དོ། །​རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཤེས་པར་མི་བྱེད་དོ། །​དེ་བཞིན་དུ་མིག་གི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མིག་མ་ཡིན་ནོ། །​དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཡིད་མ་ཡིན་ནོ། །​དེ་བཞིན་དུ་གཟུགས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་རྣམས་མ་ཡིན་ནོ། །​དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཆོས་རྣམས་མ་ཡིན་ནོ། །​དེ་བཞིན་དུ་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །​དེ་བཞིན་དུ་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣ་བའི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །​དེ་བཞིན་དུ་སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་སྣའི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །​དེ་བཞིན་དུ་ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ལྕེའི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །​དེ་བཞིན་དུ་ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མ་ཡིན་ནོ། །​དེ་བཞིན་དུ་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11/UT22084-031-002-4817#UT22084-031-002-4817