ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། ཆོས་ཀྱི་སྦྱིན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་དགུ་པའོ།​། །​།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་པ་ན་ཕུང་པོ་ལྔ་པོ་དག་ལ་ཇི་ལྟར་སྐྱེ་བ་དང་འཇིག་པར་རྗེས་སུ་ལྟ་ཞིང་སློབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ། གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གཟུགས་གང་ལས་ཀྱང་མི་སྐྱེ་བ་དང་གང་དུ་ཡང་འགག་པ་མེད་པ་དང་། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །​གཟུགས་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། དཔེར་ན་དབུ་བ་རྡོས་པ་ལ་སྙིང་པོ་གཏན་མེད་པ་དེ་བཞིན་དུ་གཟུགས་ཀྱང་འདི་ལྟ་སྟེ། ཤིན་ཏུ་གསེ་ཚགས་དང་ཤིན་ཏུ་གསོང་ལྡོང་དུ་རབ་ཏུ་ཤེས་སོ། །​གཟུགས་ཀྱི་སྐྱེ་བ་ཇི་ལྟར་རབ་ཏུ་ཤེས་ཤེ་ན། གཟུགས་ནི་གང་ནས་ཀྱང་འོང་བ་མེད་ལ་གང་དུ་ཡང་འགྲོ་བ་མེད་དེ། གཟུགས་གང་ནས་ཀྱང་འོང་བ་མེད་པ་ཉིད་དང་གང་དུ་ཡང་འགྲོ་བ་མེད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་གཟུགས་ཀྱི་སྐྱེ་བ་རབ་ཏུ་ཤེས་སོ། །​གཟུགས་ཀྱི་འགག་པ་ཇི་ལྟར་རབ་ཏུ་ཤེས་ཤེ་ན། གཟུགས་དེ་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་ལ། ཟད་པ་དང་འཇིག་པའི་ཆོས་ཅན་དང་ལྡན་པ་དེ་ལྟར་གཟུགས་ཀྱི་འགག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །​གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤེ་ན། གཟུགས་ཀྱི་དེ་བཞིན་ཉིད་ལ་སྐྱེ་བ་ཡང་མེད་འགག་པ་ཡང་མེད་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད་ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད་འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད་པ་དེ་ལྟར་གཟུགས་ཀྱི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11/UT22084-031-002-5427#UT22084-031-002-5427