ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པས་ཀྱང་། སེམས་ཅན་རྣམས་ཟིལ་གྱིས་གནོན་ན། ནམ་ཞིག་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ལྟ་སྨོས་ཀྱང་ཅི་དགོས་ཏེ། གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་འཇུག་པའི་སེམས་ཅན་དེ་དག་གིས་ཀྱང་རྙེད་པ་ལེགས་པར་རྙེད་ཅིང་། སེམས་ཅན་དེ་དག་ཀྱང་འཚོ་བ་བཟང་པོས་འཚོ་བ་ཡིན་ན། གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་དང་། གང་དག་སེམས་མི་བསྐྱེད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྟག་ཏུ་ཉན་པ་ནི་འདོད་པར་བྱ་བ་དག་ཡིན་ནོ་སྙམ་མོ། །​དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་མན་དཱ་ར་བ་དག་བླངས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏེ། ཚིག་འདི་སྐད་ཅེས་བསོད་ནམས་འདིས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྷག་པར་དམིགས་པ་དེ་དག་གི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་རྫོགས་པར་གྱུར་ཅིག །​རང་བྱུང་གི་ཆོས་རྣམས་ཀྱང་ཡོངས་སུ་རྫོགས་པར་གྱུར་ཅིག །དེའི་ཕྱིར་ཟག་པ་མེད་པའི་ཆོས་རྣམས་ཀྱང་ཡོངས་སུ་རྫོགས་པར་གྱུར་ཅིག །​ཅེས་སྨྲས་སོ། །​བཙུན་པ་བཅོམ་ལྡན་འདས་བདག་ནི་ནམ་དུ་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལོག་ནས། ཉན་ཐོས་སམ། རང་སངས་རྒྱས་སུ་འགྱུར་བར་སེམས་སྐྱེ་བ་འགའ་ཙམ་ཡང་སྐྱེ་བ་མ་མཆིས་ལགས་སོ། །​བདག་ནི་འདི་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུན་པ་བསྐྱེད་པར་བགྱིད་ལ་དེ་ནི་ཕྱིར་ཞིང་བླ་ན་མེད་པ་ཡང་དག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11/UT22084-031-002-5320#UT22084-031-002-5320