འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་མངོན་པར་བསྒྲུབ་ཀྱང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ཡང་རྗེས་སུ་ཐོབ་པར་མི་བྱེད་ལ། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་གང་ལ་ཡང་འདོད་པར་མི་བྱེད་ཅིང་། དེ་མངོན་པར་ཤེས་པ་དེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། བག་ཆགས་དང་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་མོད་ཀྱི། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་དང་། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་ཀྱི་ཕྱིར་དང་། ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་དེས་ཀྱང་རློམ་སེམས་སུ་མི་བྱེད་ལ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་སེམས་ཀྱང་སྐྱེད་པར་མི་བྱེད་དེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟག་པ་ཟད་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ཡོངས་སུ་དག་པར་བྱེད་པ་ཉིད་ཡིན་ནོ། །​རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་མངོན་པར་ཤེས་པ་དྲུག་པོ་དག་ཡོངས་སུ་དག་པར་བྱེད་པ་ཉིད་ཅེས་བྱ་སྟེ། དེ་ཡང་གོ་ཆ་ཆེན་པོ་ཡིན་པར་རིག་པར་བྱའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་མངོན་པར་ཤེས་པའི་ལེའུ་ཞེས་བྱ་སྟེ་བཅུ་པའོ།​། །​།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་ཆེན་པོ་ནི་འདི་ལྟ་སྟེ། ཡོངས་སུ་དག་པའི་མིག་ལྔ་སྟེ། ལྔ་པོ་དག་གང་ཞེ་ན། འདི་ལྟ་སྟེ། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་གོ། །​དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11/UT22084-031-002-4963#UT22084-031-002-4963