པར་བྱེད་པ་ནས། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་པ་ན། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཤེས་རབ་སྒོམ་པར་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་འདི་སྙེད་ཅིག་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །​སེམས་ཅན་འདི་སྙེད་ཅིག་ནི་ཡོངས་སུ་མྱ་ངན་ལས་བཟླ་བར་མི་བྱའོ། །​སེམས་ཅན་འདི་སྙེད་ཅིག་ནི་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པར་བྱའོ། །​སེམས་ཅན་འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །​སྙམ་དུ་སེམས་ཅན་རིས་སུ་ཆད་པ་རྣམས་ཀྱི་དོན་གྱི་ཕྱིར། གོ་ཆ་ཆེན་པོ་གྱོན་པར་མི་བྱེད་ཀྱི། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གོ་ཆ་ཆེན་པོ་གྱོན་པར་བྱེད་ཅིང་། དེ་འདི་སྙམ་དུ་ཡང་སེམས་ཏེ། བདག་ཉིད་ཀྱིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །​སེམས་ཅན་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། །​དེ་བཞིན་དུ་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །​དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བདག་ཉིད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །​སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྦྱར་བར་བྱའོ་སྙམ་པ་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཙམ་གྱིས་ན་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྦྱིན་པ་གང་སྦྱིན་པ་དེ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་སྦྱིན་ཞིང་། དེ་ཡང་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཐུན་མོང་དུ་བྱས་ནས། མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་འོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11/UT22084-031-002-4918#UT22084-031-002-4918