བ་གཅིག་གིས་ཐོགས་པ་དག་འཇིག་རྟེན་གྱི་ཁམས་མི་མཇེད་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ་ལྷགས་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །​དེའི་ཚེ་འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་ན་འཇིག་རྟེན་གྱི་ཁམས་ནམ་མཁའི་དཀྱིལ་འཁོར་རྣམ་པར་དག་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྤྱན་ཆེན་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་རིམ་པའི་བུ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །​དེ་ནས་བྱང་ཆུབ་སེམས་དཔའ་རིམ་པའི་བུས་སྣང་བ་ཆེན་པོ་དེ་མཐོང་སྟེ། གསུང་བསལ་བའི་སྒྲ་དེ་ཡང་ཐོས་སོ། །​ཐོས་ནས་ཀྱང་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་འོད་ཀྱི་སྣང་བ་ཀུན་དུ་གདའ་བ་དེ་དང་། གསུང་བསལ་བའི་སྒྲ་གྲག་པ་དེ་སུའི་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། མཐུ་དེ་ནི་དེའི་ཡིན་ནོ། །​དེ་བཞིན་གཤེགས་པ་དེ་ནི་ད་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་སྟོན་ཏེ། མཐུ་དེ་ལྟ་བུ་དེ་ནི་དེའི་ཡིན་ནོ། །​འཁོར་དེ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་དཔེ་མེད་པ་སེམས་པ་དག་ཆོས་བསྟན་པ་དེ་ཉན་པར་བྱེད་དེ། དེ་དག་གི་མིང་བརྗོད་པ་ཙམ་གྱིས་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །​དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིམ་པའི་བུས་འདི་སྐད་ཅེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101/UT22084-048-001-4226#UT22084-048-001-4226