ལུང་བསྟན། །​བསྐལ་པ་གྲངས་མེད་དག་ཏུ་ལས་བྱས་ཤིང་། །​མི་དགེ་བསྒྲུབས་པ་གང་དག་སུ་ཡོད་པ། །​དེ་ཕྱིར་སྙིགས་མའི་དུས་ན་དེ་དག་ནི། །​ང་དང་ལྷན་ཅིག་སངས་རྒྱས་ཞིང་དུ་ལྷགས། །​ང་ཡིས་བྱང་ཆུབ་མཆོག་འདི་ཐོབ་གྱུར་ཀྱང་། །​དེ་ཚེ་སེམས་ཅན་བལྟ་བར་སྤྲོ་བ་མེད། །​གང་དག་ཕྱི་དུས་དགེ་སློང་རྣམས་འབྱུང་བ། །​རྩུབ་དང་གཏུམ་དང་ཤིན་ཏུ་རྩུབ་པ་ཡིན། །​དེ་ཚེ་ཀུན་དུ་འཇིགས་པ་ཐོས་ནས་སུ། །​ཡང་དང་ཡང་དུ་བརྩོན་འགྲུས་སྟོབས་བསྐྱེད་ཅིང་། །​མུ་གེའི་དུས་སུ་ཟན་རྗེན་སྦྱིན་པ་བྱིན། །​དེ་དག་རྣམས་ཀྱི་སྦྱིན་པ་རྩུབ་པ་ཡིན། །​དེ་དག་འདི་ལ་གུས་པ་ཆེ་བྱས་ནས། །​ཕྱི་དུས་འཇིགས་པ་ཆེན་པོ་དེ་ཡི་ཚེ། །​སྲོག་ཀྱང་བཏང་ནས་དོན་ནི་བྱ་སྙམ་སྟེ། །​ང་ཡི་ཆོས་མཆོག་སྤེལ་ཞིང་འཛིན་པར་བྱེད། །​དུས་དེ་ན་ནི་མི་དགེའི་ལས་རྣམས་ཀྱི། །​སྨོན་ལམ་གནས་ཀྱང་འཇིག་རྟེན་དག་ན་ཡོད། །​འདི་ན་ལས་དེ་དག་ནི་བྱས་པ་ན། །​དེ་ཡི་ཚེ་ན་བརྙས་པའི་ཚུལ་དུ་འགྱུར། །​དེ་དག་དེར་ནི་འདི་འདྲའི་ཆོས་ཐོས་ནས། །​དེ་ཚེ་དེར་ནི་ཆོས་མིན་འདུ་ཤེས་འགྱུར། །​ཆོས་འདི་རྒྱལ་བས་གསུངས་པ་མ་ཡིན་ཞེས། །​འཇིག་རྟེན་ཕྱིན་ཅི་ལོག་ལ་ཀུན་དགའ་ལྟོས། །དེ་ཚེ་དགེ་སློང་སློབ་པས་འདུ་བྱེད་ལ། །​རྟག་པ་ཅུང་ཟད་མེད་ཅེས་སྐྱོ་ཐོབ་པས། །​དེ་ཚེ་མགོ་ལ་མེ་འབར་བཞིན་དུ་རྟོགས། །​འཆི་མེད་ཐོབ་པར་བྱ་ཕྱིར་མ་ལུས་བཙལ། །​བསྟན་འདི་རབ་ཏུ་རྣམ་པར་འཇིག་ཐོས་ནས། །​དེར་ནི་ལྷ་ཡང་སྡུག་བསྔལ་དག་ཏུ་གྱུར། །​དེ་ཚེ་འཇིག་པ་མཐོང་ན་མི་རུང་ཞེས། །​དེ་ལྟའི་དུས་སུ་ཤི་ཡང་བླ་སྙམ་སེམས། །​བག་ཚ་མེད་པའི་སྒྲོགས་པ་སྒྲོགས་པ་ཡི། །​དྲང་སྲོང་ཆེ་དེ་དེ་རིང་བདག་ཅག་མཐོང་། །​འདྲེན་པ་མཆོག་གི་ཞལ་དུ་ལྟ་བྱེད་ཅིང་། །​ཀྱེ་མ་རྒྱལ་བས་བཤད་ཅེས་ཡི་རང་ངོ་། །​དགེ་སློང་བསམ་གཏན་བྱེད་པ་དག་ཀྱང་མཐོང་། །​དབང་ཐོབ་རྫུ་འཕྲུལ་སྟོབས་ཀྱིས་མཁས་གྱུར་པ། །​འདི་ན་ཏིང་འཛིན་ཤེས་རབ་ཕ་རོལ་ཕྱིན། །​དེ་དག་ཕྱི་མའི་དུས་སུ་ཇི་ལྟར་མཐོང་། །​སྡིག་པའི་དགེ་སློང་སྟོབས་དང་ལྡན་འགྱུར་ཞིང་། །​དེ་ཚེ་ཚུལ་ལྡན་ཤིན་ཏུ་ཚར་བཅད་འགྱུར། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101/UT22084-048-001-4206#UT22084-048-001-4206