ཕྱག་འཚལ་དེ་དག་འཁོད་པར་གྱུར། །​སྤྲུལ་པ་དེ་དག་དེར་ནི་མི་སྣང་ནས། །​གང་དག་དེ་བཞིན་གཤེགས་ལ་ཞུ་ཞུ་བ། །​དེ་དག་གང་ནས་མཆི་ཞིང་མིང་ཅི་ཞེས། །​དེ་ཚེ་འཁོར་ཀྱང་སྤུ་རྣམས་ཟིང་ཞེས་བྱེད། །​འཁོར་རྣམས་བཞི་པོ་དེ་དག་གུས་པ་ཡིས། །རྒྱལ་བ་ལ་ནི་ཞུ་བར་མི་སྤྲོ་སྟེ། །​དེ་ཚེ་འཇིག་རྟེན་མགོན་པོའི་སྤྲུལ་པ་སྤྲུལ། །​དེ་ཚེ་དགེ་སློང་ཀུན་དགའ་བཟང་པོ་བྱུང་། །​མགོན་པོ་ཞུ་བ་འདི་ཞུ་དེ་དག་གང་། །​ཞུས་ནས་ཀྱང་ནི་མི་གདའ་མ་མཐོང་གྱུར། །​དེ་དག་སུ་ལགས་དེ་དག་སུ་ཡི་ལགས། །​མགོན་པོ་བཤད་ཅིང་ཐེ་ཚོམ་བསལ་དུ་གསོལ། །​སྨོན་ལམ་དཔའ་བོ་ལྡན་པའི་གོ་ཆ་ལྟོས། །​དེ་ཡིས་བྱིན་གྱིས་བརླབས་ནས་འདིར་ལྷགས་ཏེ། །​ཤར་ཕྱོགས་ཀྱི་ནི་འཇིག་རྟེན་ཁམས་ཀྱི་ཚུལ། །​གྲངས་མེད་དག་ནས་དེ་དག་ལྷགས་པ་ཡིན། །​དཔའ་བོ་འཇིག་རྟེན་ཕན་ཕྱིར་གང་ལྷགས་པ། །​རྣམ་པར་བལྟས་ནས་དོང་བར་གྱུར་པ་སྟེ། །​བསམ་པ་དག་པ་བྱང་ཆུབ་ཕྱིར་སྤྱོད་པ། །​དེ་ཡི་སྨོན་ལམ་དེ་ནི་དེ་འདྲ་འོ། །​དེ་དག་དགེ་བས་ངེས་པར་སངས་རྒྱས་མཐོང་། །​དེ་དག་འདིར་ནི་དེ་ལ་སྒྱིད་མི་ལུག །​ཚུལ་ཁྲིམས་ཀྱིས་ཀྱང་དམན་པར་མི་འགྱུར་ཏེ། །​ཐོས་པ་མང་ཞིང་ཕ་རོལ་ཕྱིན་པས་འཕགས། །​དེ་དག་ཐབས་ཤེས་པ་ལ་ཤིན་ཏུ་བསླབས། །​མངལ་གྱི་གནས་སུ་འགྲོ་བར་མི་འགྱུར་ཏེ། །​འཁོར་བའི་ཚེ་ན་ཚེ་རབས་ཚེ་རབས་སུ། །​དེ་དག་ཆོས་ཀྱི་སེམས་རྒྱུད་བརྗེད་མི་འགྱུར། །​རྟག་ཏུ་སངས་རྒྱས་རྣམས་དང་མངོན་དུ་ཕྲད། །​རྟག་ཏུ་འཕགས་པ་རྣམས་དང་འགྲོགས་པར་འགྱུར། །​དཔའ་བོ་དེ་ཡིས་སེམས་ཅན་འདིར་མཐོང་རྣམས། །​རྟག་ཏུ་དེ་ལ་རབ་ཏུ་འབྱུང་བ་འཐོབ། །​མཐོང་མ་ཐག་ཏུ་དགེ་བས་དེ་འདྲ་སྟེ། །​གང་དག་གཞན་མ་བརྗོད་པ་དེ་དག་མང་། །​དཔའ་བོ་དེ་ཡི་ཡོན་ཏན་གང་ཡོད་པ། །​མང་དུ་བསྒྲགས་ཀྱང་མཐར་ཐུག་འགྱུར་བ་མེད། །​དཔའ་བོ་ཤིན་ཏུ་གནས་པ་དེ་ཡི་མིང་། །​དེ་ཚེ་བུད་མེད་གང་གིས་ཐོས་གྱུར་པ། །​དེ་ནི་ཕྱིན་ཆད་བུད་མེད་དངོས་མི་འགྱུར། །​སེམས་ཅན་དམ་པའི་མཆོག་ཏུ་དེ་འགྱུར་རོ། །​སྐྱེས་པ་བུད་མེད་གང་གིས་མིང་ཐོས་ཤིང་། །​ཐོས་ནས་དེ་ལའང་དགའ་བ་སྐྱེད་བྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101/UT22084-048-001-4203#UT22084-048-001-4203