བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་ཀུན་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་བདུད་ཐམས་ཅད་ལ་སངས་རྒྱས་ཀྱི་སྐུ་ཡང་དག་པར་སྟོན་པའི་ཁྱུ་མཆོག་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བལྟས་པའི་བྱང་ཆུབ་ཏུ་ངེས་པའི་དགེ་བའི་རྩ་བའི་སྙིང་སྟོབས་ཀྱི་གོ་ཆ་བགོས་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །​དེ་ནས་བྱང་ཆུབ་སེམས་དཔའ་དེས་སྣང་བ་ཆེན་པོ་དེ་མཐོང་སྟེ། གསུང་བསལ་བའི་སྒྲ་དེ་ཡང་ཐོས་སོ། །​ཐོས་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་འོད་དེ་དང་། གསུང་བསལ་བའི་སྒྲ་འདི་སུའི་ལགས། དེ་ནས་བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ནུབ་ཕྱོགས་ཀྱི་ཕྱོགས་ཆར་འཇིག་རྟེན་གྱི་ཁམས་གྲངས་མེད་པ་སྟོང་དག་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཀྱང་སྟོན་ཏེ། མཐུ་དེ་ལྟ་བུ་འདི་ནི་དེའི་ཡིན་ནོ། །​དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བལྟས་པའི་བྱང་ཆུབ་ཏུ་ངེས་པའི་དགེ་བའི་རྩ་བའི་སྙིང་སྟོབས་ཀྱི་གོ་ཆ་བགོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། ཆོས་མཉན་པའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་མཆི་བར་བགྱིའོ། །​བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ཤིག །​དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་བལྟས་པའི་བྱང་ཆུབ་ཏུ་ངེས་པའི་དགེ་བའི་རྩ་བའི་སྙིང་སྟོབས་ཀྱི་གོ་ཆ་བགོས་ཀྱིས་པད་མ་བརྒྱད་བླངས་ནས། འཇིག་རྟེན་གྱི་ཁམས་མི་མཇེད་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་ཏོ། །​དེ་ནས་པད་མ་དེ་དག་འཇིག་རྟེན་གྱི་ཁམས་ཐམས་ཅད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101/UT22084-048-001-4201#UT22084-048-001-4201