བྱ་བར་བསྟན་ཅེ་ན། འཇིག་རྟེན་གྱི་ཁམས་དེ་ན་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་ཁེབས་པའི་རྫིང་རྒྱ་ཆེ་ཞིང་ཡངས་པ་གྲངས་མེད་དཔག་ཏུ་མེད་པ་དག་ཡོད་དེ། པད་མ་དེ་དག་ཀྱང་འདབ་མ་སྟོང་ཆུ་བ་མངོན་པར་བརྟོལ་ནས་གྱེན་དུ་དཔག་ཚད་བརྒྱད་ཅུར་འཕགས་པ་སྟེ། པད་མ་རེ་རེ་ལས་ཀྱང་འོད་ཟེར་འབུམ་འབྱུང་བར་བྱེད་ཅིང་། གྱེན་དུ་དང་ཐུར་དུ་ཡང་འོད་ཟེར་སྟོང་བྱུང་བར་བྱེད་ལ། དེ་བཞིན་དུ་ཕྱོགས་ཐམས་ཅད་དུ་ཡང་འོད་ཟེར་སྟོང་སྟོང་འབྱུང་བར་བྱེད་པའི་ཕྱིར་རོ། །​འཇིག་རྟེན་གྱི་ཁམས་དེ་ཡང་མིག་མངས་རིས་སུ་བྲིས་པ། རིན་པོ་ཆེའི་ཕྲེང་བས་བརྒྱན་པ། རིན་པོ་ཆེའི་སྐུད་པས་བརྒྱན་པ། མིག་མངས་རིས་ཐམས་ཅད་དུ་ཡང་རིན་པོ་ཆེ་ལས་བྱས་པའི་ཤིང་ལྗོན་པ་དག་སྐྱེས་པར་གྱུར་པ། གྱེན་དུ་དཔག་ཚད་བདུན་ཁྲི་བདུན་སྟོང་མངོན་པར་འཕགས་པ། ཐད་ཀར་ནི་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་ཡལ་ག་དང་། འདབ་མ་དང་། ལོ་མ་རབ་ཏུ་སོང་བའོ། །​རིན་པོ་ཆེའི་ཤིང་རེ་རེ་ལས་ཀྱང་ནོར་བུ་བྱེ་བ་ཕྲག་བརྒྱད་ཅུ་ཟོ་བ་ཙམ་དག་རབ་ཏུ་འཕྱང་ངོ་། །​སངས་རྒྱས་ཀྱི་ཞིང་དེ་ན་ཤིང་ལྗོན་པ་དེ་དག་ཀྱང་གྲངས་མེད་དཔག་ཏུ་མེད་དོ། །​སངས་རྒྱས་ཀྱི་ཞིང་དེ་ནི་པད་མའི་འདབ་མ་དེ་དག་དང་། ནོར་བུ་དེ་དག་གི་འོད་ཀྱིས་རྟག་ཏུ་སྣང་བར་བྱས་པ་སྟེ། འོད་དེ་ཡང་བཅོམ་ལྡན་འདས་དེའི་འོད་ཀྱིས་མོག་མོག་པོར་བྱས་པའོ། །​བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པའི་གོ་ཆས་སྣང་བ་ཆེན་པོ་དེ་མཐོང་སྟེ། གསུང་བསལ་བའི་སྒྲ་དེ་ཡང་ཐོས་སོ། །​དེ་ནས་བཅོམ་ལྡན་འདས་རྣམ་པ་དུ་མ་རྣམ་པར་འཕྲུལ་པ་དེ་ལ་བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པའི་གོ་ཆས་ཞུས་པ། བཅོམ་ལྡན་འདས་འོད་དེ་དང་། གསུང་བསལ་བའི་སྒྲ་དེ་ཡང་སུའི་ལགས། དེ་ནས་བཅོམ་ལྡན་འདས་དེས་དེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ནུབ་ཕྱོགས་ཀྱི་ཕྱོགས་ཆར་འཇིག་རྟེན་གྱི་ཁམས་གྲངས་མེད་པ་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཀྱང་སྟོན་ཏེ། མཐུ་དེ་ལྟ་བུ་དེ་ནི་དེའི་ཡིན་ནོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101/UT22084-048-001-4162#UT22084-048-001-4162