ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ནུབ་ཕྱོགས་ཀྱི་ཕྱོགས་ཆར་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སུམ་ཁྲི་ཉིས་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་ཚིམ་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཀྱང་སྟོན་ཏོ། །​དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་མས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་མཆི་བར་བགྱིའོ། །​བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ཤིག །​དེ་ནས་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མའི་ལག་པར་མེ་ཏོག་ཁ་དོག་ལྔ་པ་སྙིམ་པ་གང་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་ལ་མེ་ཏོག་ཁ་དོག་ལྔ་པ་སྙིམ་པ་གང་འདི་ཕུལ་ལ། བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ལོ་ཞེས་དེ་སྐད་ཅེས་ཀྱང་གསོལ་ཅིག །​དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དང་། ཐང་ཅིག་དང་ཡུད་ཙམ་དེས་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འདུག་གོ། །​དེ་བཅོམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101/UT22084-048-001-4147#UT22084-048-001-4147