དཔའ་ཆེན་པོ་དེ་དག་ཀྱང་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་མཆི་བར་བགྱིའོ། །​བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ཤིག །​དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་སྟོབས་ལ་ལག་པ་ལྟ་བུའི་ཨུད་པ་ལ་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་ལ་འདི་ཕུལ་ལ། ཕུལ་ནས་ཀྱང་བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་དཔལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་སྙུན་གསོལ་ལོ་ཞེས་དེ་སྐད་ཅེས་ཀྱང་གསོལ་ཅིག །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་སྟོབས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། ལག་པ་བརྐྱང་བསྐུམ་པར་བྱེད་པའི་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དེས་སོང་སྟེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འདུག་གོ། དེ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་སྟོབས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་དཔལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཞིང་། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་དེས་ལག་པ་ལྟ་བུའི་ཨུད་པ་ལ་འདི་ཡང་བསྐུར་བ་ལགས་ན། བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་ལག་པ་ལྟ་བུའི་ཨུད་པ་ལ་དེ་བཞེས་ཏེ་བཞེས་ནས་ཀྱང་བཀའ་སྩལ་པ། རིགས་ཀྱི་བུ་ཅི་བཅོམ་ལྡན་འདས་དེ་སྙུན་མི་མངའ་འམ། བདེ་བར་གནས་སམ། །​སྟོབས་དང་ལྡན་ནམ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101/UT22084-048-001-4142#UT22084-048-001-4142