བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོ་དེ་ག་ལ་བ་དེར་དོང་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །​དེ་གཉིས་ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་། བཅོམ་ལྡན་འདས་དེ་ལ་གཏམ་ཀུན་ཏུ་བརྗོད་པ་དེ་ཇི་སྙེད་བྱུང་བ་དེ་ཐམས་ཅད་གསོལ་ཏོ། །​དེ་ནས་བཅོམ་ལྡན་འདས་དེས་དགེ་སློང་མྱ་ངན་མེད་ལ་མྱ་ངན་མེད་ལེགས་སོ་ལེགས་སོ། །​ཞེས་བྱ་བ་བྱིན་ཏེ། དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ཀྱང་། དགེ་སློང་མྱ་ངན་བྲལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​མྱ་ངན་བྲལ་དེ་དེ་བཞིན་ཏེ། ཇི་ཙམ་དུ་སྤྲོས་པ་དེ་ནི་བྱང་ཆུབ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྤྲོས་པ་ཐམས་ཅད་ནི་དབེན་པ་ཡིན་པའི་ཕྱིར་ཏེ། བྱང་ཆུབ་དེ་ཡང་དབེན་པ་ཡིན་ནོ། །​དབེན་པ་ཉིད་ཀྱང་གང་ཞེ་ན། སྤྲོས་པ་གང་ཡིན་པའོ། །​སྤྲོས་པ་གང་ཞེ་ན། རྟོག་པ་སྟེ། གཟུགས་སྤྲོས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྤྲོས་པ་དང་། ཚུལ་ཁྲིམས་སྤྲོས་པ་དང་། ཏིང་ངེ་འཛིན་སྤྲོས་པ་དང་། འདོད་པ་ཆུང་བ་ཉིད་སྤྲོས་པ་དང་། ཆོག་ཤེས་པ་ཉིད་སྤྲོས་པ་དང་། དགང་སླ་བ་ཉིད་སྤྲོས་པ་དང་། མ་འདྲེས་པ་ཉིད་སྤྲོས་པའོ། །​སྤྲོས་པ་དེ་ཡང་གང་ལས་བྱུང་ཞེ་ན། ཀུན་ཏུ་རྟོག་པ་ལས་བྱུང་སྟེ། གཟུགས་ཀྱི་ཀུན་ཏུ་རྟོག་པ་ནས་ཏིང་ངེ་འཛིན་གྱི་ཀུན་ཏུ་རྟོག་པའི་བར་དུ་ཀུན་དུ་རྟོག་པ་ཇི་སྙེད་ཡོད་པ་སྤྲོས་པ་ཡང་དེ་སྙེད་དོ། །​དེ་ལ་ཀུན་ཏུ་རྟོག་པ་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཀུན་ཏུ་རྟོག་པ་ནི་གཟུགས་ཅན་མ་ཡིན་པའོ། །​ཀུན་ཏུ་རྟོག་པ་གང་ཡིན་པ་དེ་ནི་རྟོག་པ་མེད་པའོ། །​ཀུན་ཏུ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་མ་ཡིན་པ་ནས་ཆོག་ཤེས་པ་ཉིད་ཀྱི་བར་དུའང་མ་ཡིན་ནོ། །​བྱང་ཆུབ་ནི་གཟུགས་སྟོང་པ་ཉིད་དོ། །​བྱང་ཆུབ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་སྟོང་པ་ཉིད་དོ། །​དེ་བཞིན་དུ་བྱང་ཆུབ་དེ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། འདོད་པ་ཆུང་བ་ཉིད་དང་། ཆོག་ཤེས་པ་ཉིད་དང་། དགང་སླ་བ་ཉིད་དང་། གསོ་སླ་བ་ཉིད་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ནི་གཅིག་པའང་མ་ཡིན་ཐ་དད་པའང་མ་ཡིན་ཏེ། བྱང་ཆུབ་དེ་ནི་དེ་ཡིན་ནོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101/UT22084-048-001-4125#UT22084-048-001-4125