ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་ཡང་མི་བགྱིད། གནོད་པར་ཡང་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་ཡང་མི་བྱེད། གནོད་པར་ཡང་མི་བྱེད་དོ། །​ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཆོས་གང་ཡང་ཡོངས་སུ་འཛིན་པར་མི་བགྱིད་པ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཆོས་གང་ཡང་ཡོངས་སུ་འཛིན་པར་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་ཀྱི་དབྱིངས་མི་གཡོ་བ་ཉིད་ཀྱི་ཕྱིར་རོ། །​དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། གཟུགས་རྣམ་པར་དག་པ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། བདག་རྣམ་པར་དག་པས། གཟུགས་ཤིན་ཏུ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བདག་མེད་པའི་ཕྱིར་གཟུགས་མེད་པ་ནི་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10/UT22084-029-001-12116#UT22084-029-001-12116