པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །​དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཅི་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་ཡོངས་སུ་མི་འཛིན། མི་འདོར་བའི་ཚུལ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན། མི་འདོར་བའི་ཚུལ་དང་། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མི་འཛིན། མི་འདོར་བའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐུན་པར་ཡོངས་སུ་འཛིན་པ་ནི་ངོ་མཚར་ལགས་སོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། འོག་མིན་གྱི་བར་གྱི་ལྷའི་བུ་རྣམས་འདུས་ཏེ། འདུག་པར་ཐུགས་སུ་ཆུད་ནས་དེ་དག་ཐམས་ཅད་དཔང་པོར་བཞག་སྟེ། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། ལྷའི་བུའམ། ལྷའི་བུ་མོ་གང་ལ་ལ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། སྒོམ་པ་དང་། གཞན་དག་ལ་ཡང་ཡང་དག་པར་རབ་ཏུ་སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བྲལ་བར་མི་འགྱུར་བ་དེ་དག་ལ་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་གཟུགས་སྟོང་པ་ཉིད་དུ་ལེགས་པར་གནས་སུ་བྱས་པར་འགྱུར་ཞིང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10/UT22084-029-001-11922#UT22084-029-001-11922