གནས་པའི་ཚུལ་གྱིས་གནས་པར་བྱའོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཅུ་དགུ་པ། དེ་ནས་འཁོར་དེ་ལས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། གནོད་སྦྱིན་རྣམས་ཀྱིས་གནོད་སྦྱིན་གྱི་སྐད་དང་། གནོད་སྦྱིན་གྱིས་སྨྲས་པ་དང་། གནོད་སྦྱིན་གྱིས་བརྗོད་པ་དང་། གནོད་སྦྱིན་གྱི་ཚིག་གང་དག་ཡོད་པ་དེ་དག་ནི་བརྗོད་ན་ཤེས་པར་ཡང་རུང་གི །​འདི་ལྟ་སྟེ། གནས་བརྟན་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲ་བ་དང་། བརྗོད་པ་དང་། འཆད་པ་དང་། སྟོན་པ་འདི་ནི་ཤེས་པར་མི་རུང་ངོ་སྙམ་མོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་ལྷའི་བུ་དེ་དག་ལ་སྨྲས་པ། ལྷའི་བུ་དག་གང་སྨྲས་པ་ཤེས་པར་མི་རུང་ངམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། འཕགས་པ་རབ་འབྱོར་ཤེས་པར་མི་རུང་ངོ་། །​རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་འདི་ལྟར་ཡི་གེ་གཅིག་ཀྱང་མ་བརྗོད་དེ། གང་མ་བརྗོད་པ་དེ་ནི་ཐོས་པར་མི་རུང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མེད་པ་སྟེ། དེ་ལ་ནི་ཉན་པའམ་སྟོན་པ་འང་མེད་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ལ་ཡང་ཡི་གེ་མེད་པའི་ཕྱིར་རོ། །​ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་སྤྲུལ་པ་སྤྲུལ་པ་མཛད་དེ། འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ཀྱང་མངོན་པར་སྤྲུལ་ལ། སྤྲུལ་པ་དེས་སྤྲུལ་པའི་འཁོར་བཞི་པོ་དེ་དག་ལ་ཆོས་བསྟན་པར་གྱུར་ན་ལྷའི་བུ་དག་འདི་ཇི་སྙམ་དུ་སེམས། དེ་ལ་སུས་ཀྱང་ཅི་ཡང་བསྟན་པའམ། མཉན་པ་ཡོད་སྙམ་འམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དོ། །​རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྤྲུལ་པ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བཤད་པ་མེད་ཅིང་། སུས་ཀྱང་མཉན་པ་མེད་ལ། སུས་ཀྱང་ཤེས་པ་མེད་དོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10/UT22084-029-001-11883#UT22084-029-001-11883