ཐབས་ལ་མི་མཁས་པས། གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས། དེ་བཞིན་དུ་མངོན་པར་ཤེས་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། མིག་ལྔ་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དག་ལ་སྤྱོད་ན་མཚན་མ་ལ་སྤྱོད་པ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གལ་ཏེ་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་སྙམ་དུ་སེམས་ན། དམིགས་པ་ལ་སྤྱོད་པ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མཚན་མ་ཉིད་ལ་སྤྱོད་པ་ལགས་སོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གལ་ཏེ་འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་ཡིན་ནོ་སྙམ་དུ་སེམས་ན། དེ་མཚན་མ་ཉིད་ལ་སྤྱོད་པ་ལགས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མི་མཁས་པར་རིག་པར་བགྱི་བ་ལགས་སོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མི་མཁས་པར་རིག་པར་བྱ་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ལྟར་གཟུགས་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་མོས་ན། དེ་གཟུགས་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་ཡིན་ཏེ། དེ་ནི་དེའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་བྱེད་པ་ཡིན་ནོ། །​ཞེས་ཁོ་བོ་སྨྲའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10/UT22084-029-001-11554#UT22084-029-001-11554