སྟན་ནང་ཚངས་ཅན་གདིང་བར་བྱའོ། །​བཅོམ་ལྡན་འདས་ཀྱིས་སྟན་ནང་ཚངས་ཅན་དག་གདིང་བར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་སྟན་ནང་ཚངས་ཅན་ཅི་འདྲ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་དུ་ཁྲུ་བཞི་པ་ཞེང་དུ་ཁྲུ་དོ་ཡོད་པ་ཉིས་ལྟབ་ཏུ་བྱས་ཏེ་དྲུབ་པར་བྱའོ། །​དེའི་ནང་དུ་ཤིང་བལ་གྱིས་དགང་བར་བྱའོ། །​དེ་དག་གིས་ཤིང་བལ་དུ་ཡོད་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་བལ་དག་ནི་ལྔ་སྟེ། ཨརྒའི་ཤིང་བལ་དང་། ཀ་ཤི་ཀའི་ཤིང་བལ་དང་། ཨེར་ཀའི་ཤིང་བལ་དང་། སྤྲ་བའི་ཤིང་བལ་དང་། ཤལ་མ་ལིའི་ཤིང་བལ་དག་ཡིན་ནོ། །​གཞན་ཡང་ལྔ་སྟེ། བལ་དང་། ཤ་ནའི་ཤིང་བལ་དང་། རས་བལ་དང་། རས་མ་དང་། ལོ་མའི་ཚོགས་དག་གིས་བཀང་བ་དག་ཡིན་ནོ། །​ཤིང་བལ་ཐམས་ཅད་ཕྱོགས་གཅིག་ཏུ་འཆུགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་མདོར་སྐུད་པས་བྱ་རོག་རྐང་གི་གཟུངས་གདབ་པར་བྱའོ། །​འཁོད་པ་ན་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གདོས་བུ་གདགས་པར་བྱའོ། །​ཇི་ལྟར་གདགས་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐུད་པ་བཏགས་ཏེ་རྣ་བ་ལ་གདགས་པར་བྱའོ། །​འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱུག་གུ་གཟུགས་པར་བྱའོ། །​དགེ་སློང་དག་དབྱུག་གུ་སྨྱིག་གུའི་བཅད་འཕྲོ་ལྟ་བུས་འཛུགས་པ་ན་རྨ་བྱུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲེའི་བཅད་འཕྲོ་ལྟ་བུར་བྱའོ། །​འོན་ཀྱང་སྣད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་མ་དག་གིས་དཀྲིས་ནས་དལ་བུས་ཁད་ཀྱིས་ཁད་ཀྱིས་གཟུགས་པར་བྱའོ། །​འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོ་ལོང་འཕང་བར་བྱའོ། །​དགེ་སློང་དག་གིས་མུན་ཁུང་དུ་འཕངས་པ་ན་དེ་འཁྱམས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐག་གུས་བཏགས་ཏེ་འཕང་བར་བྱ་ཞིང་དེ་ནས་ཡང་ཕྱིར་དྲང་བར་བྱའོ། །​འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདུན་དུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1850#UT22084-001-002-1850