དགེ་འདུན་གྱི་གསོ་སྦྱོང་བཅྭ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་བཤགས་པར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །​འདི་ནི་གསོལ་བའོ། །​དེའི་འོག་ཏུ་གསོ་སྦྱོང་བྱ་སྟེ། དགེ་སློང་དག་དེ་ལྟར་གསོ་སྦྱོང་བྱའི་ང་ནི་གསོ་སྦྱོང་གི་བར་གཅད་པར་མི་སྨྲའོ། །​འདི་ལྟ་སྟེ་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་གཉུག་མར་གནས་པ་གཅིག་པུ་མ་གཏོགས་པ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན། དགེ་སློང་དེ་དགེ་སློང་གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་དང་། འགྲོགས་བཤེས་གང་ཡིན་པ་དེའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །​ཚེ་དང་ལྡན་པ་འདི་དང་འདི་ལྟར་བྱེད་པ་གང་ཡིན་པ་དེས་དེ་ལ་ཅིར་འགྱུར། ལྟུང་བ་དང་བཅས་པར་འགྱུར་རོ། །འོ་ན་ཚེ་དང་ལྡན་པས་ཀྱང་། འདི་དང་འདི་ལྟར་བྱས་སམ་བྱས་སོ། །​འོ་ན་ཚེ་དང་ལྡན་པ་ཡང་ལྟུང་བ་དང་བཅས་པ་ཡིན་ནོ། །​ཚེ་དང་ལྡན་པ་ཁོ་བོ་གཅིག་པུར་མ་ཟད་ཀྱི་དགེ་འདུན་ཐམས་ཅད་དོན་དེ་དང་ལྡན་པ་ཡིན་ནོ། །​ཀྱེ་ཚེ་དང་ལྡན་པ་ཇེ་ཁྱོད་རང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག །​དགེ་འདུན་ཐམས་ཅད་ཀྱིས་ཁྱོད་ལ་ཅིར་འགྱུར་ཞེས་བརྗོད་པར་བྱའོ། །​གལ་ཏེ་འཆགས་ན་དེས་དེ་གང་དུ་དགེ་སློང་གཞན་དག་ཀྱང་མཐོང་ན་འཆགས་པར་འགྱུར་བའི་སྣང་བའི་ཕྱོགས་སུ་བཞག་སྟེ་འཆགས་སུ་གཞུག་པར་བྱའོ། །​གལ་ཏེ་འགྲུབ་ན་དེ་ལྟ་ན་ལེགས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1898#UT22084-001-002-1898