བཟློག་པར་མི་བགྱི་བར་དགེ་སློང་བྱེ་མ་སྐྱེས་ཚུར་མཆིའམ། ཕར་མཆི་ཡང་རུང་། དགེ་འདུན་གྱིས་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བགྱི་སྟེ། དེས་དགེ་འདུན་མི་མཐུན་པར་མི་འགྱུར་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་བྱེ་མ་སྐྱེས་སྨྱོས་པ་ལ་སྨྱོས་པའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །​གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །​དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་སྨྱོས་པ་ལ་སྨྱོས་པའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །​འདི་ལྟ་སྟེ། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་ལྟུང་བ་དྲན་ན་དགེ་སློང་དེས་དགེ་སློང་གི་མདུན་དུ་ལྟུང་བ་ཆོས་བཞིན་དུ་ཕྱིར་བྱ་སྟེ། དགེ་སློང་དེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་མཆིལ་ལྷམ་གཉིས་ཕུད་དེ་རྒན་རིམས་བཞིན་དུ་ཕྱག་འཚལ་ནས། དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །​ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་བཤགས་སོ། །​མི་འཆབ་བོ། །​མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །​དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེས་ལྟུང་བ་མཐོང་ངམ་ཞེས་བརྗོད་པར་བྱའོ། །​མཐོང་ངོ་། །​དེས་ཕྱིན་ཆད་སྡོམ་མམ་ཞེས་བརྗོད་པར་བྱའོ། །​སྡོམ་མོ། །​དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ལེན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །​འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །​དེའི་འོག་ཏུ་གསོ་སྦྱོང་བྱ་སྟེ། དགེ་སློང་དག་དེ་ལྟར་གསོ་སྦྱོང་བྱའི། ང་ནི་གསོ་སྦྱོང་གི་བར་གཅད་པར་མི་སྨྲའོ། །​འདི་ལྟ་སྟེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1894#UT22084-001-002-1894