རིམ་པ་དེ་ཉིད་ཀྱིས་གཅིག་ལ་གཅིག་བརྗོད་པར་བྱའོ། །​གང་ན་དགེ་སློང་བཞི་འཁོད་པ་དེར་ནི་དེ་རྣམས་ཀྱིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱའོ། །​དེར་ནི་ནད་པའི་འདུན་པ་དང་ཡོངས་སུ་དག་པ་བླང་བར་མི་བྱའོ། །​གང་ན་དགེ་སློང་ལྔའམ། ལྷག་པར་འཁོད་ན་དེ་རྣམས་ཀྱིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱའོ། །​ནད་པའི་འདུན་པ་དང་ཡོངས་སུ་དག་པ་ཡང་བླང་བར་བྱའོ། །​སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །​དེའི་ཚེ་ན་ཚེ་དང་ལྡན་པ་བྱེ་མ་སྐྱེས་སྒྲེན་མོར་བྱུང་སྟེ་སྨྱོས་ཤིང་སེམས་འཁྲུགས་ཏེ་དེ་དང་དེར་འཁྱམ་ཞིང་དེ་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་རེས་འགའ་ནི་འོང་། རེས་འགའ་ནི་མི་འོང་། དགེ་འདུན་དང་ལྷན་ཅིག་རེས་འགའ་ནི་གསོ་སྦྱོང་ཉམས་སུ་མྱོང་བར་བྱེད། རེས་འགའ་ནི་ཉམས་སུ་མྱོང་བར་མི་བྱེད། དགེ་འདུན་གྱི་དགེ་འདུན་གྱི་ཆེད་དང་བྱ་བ་རྣམས་ལ་རེས་འགའ་ནི་འོང་། རེས་འགའ་ནི་མི་འོང་། དགེ་འདུན་དང་ལྷན་ཅིག་དགེ་འདུན་གྱི་དགེ་འདུན་གྱི་ཆེད་དང་དགེ་འདུན་གྱི་བྱ་བ་དག་རེས་འགའ་ནི་ཉམས་སུ་མྱོང་བར་བྱེད། རེས་འགའ་ནི་ཉམས་སུ་མྱོང་བར་མི་བྱེད་པས་དགེ་སློང་རྣམས་བདག་ཅག་མཐུན་པར་མ་གྱུར་ཅེས་ལས་རྣམས་མི་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱེད་ཀྱིས་དགེ་སློང་བྱེ་མ་སྐྱེས་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་སྨྱོས་པའི་གནང་བ་བྱིན་ཅིག །​འདི་ལྟར་སྦྱིན་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །​དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དགེ་སློང་བྱེ་མ་སྐྱེས་སྒྲེན་མོར་བྱུང་ནས་སྨྱོས་ཤིང་སེམས་འཁྲུགས་པ་དེ་དང་དེར་འཁྱམ་ཞིང་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་རེས་འགའ་ནི་མཆི། རེས་འགའ་ནི་མི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1892#UT22084-001-002-1892