ཡོངས་སུ་དག་པ་ཕུལ་བར་བརྗོད་པར་བྱའོ། །​ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་འབུལ་བར་མི་བྱེད། ངག་གི་རྣམ་པར་རིག་བྱེད་ཀྱིས་ཀྱང་འབུལ་བར་མི་བྱེད་ན་དགེ་འདུན་ཐམས་ཅད་དེར་དོང་བར་བྱའོ། །​ཡང་ན་དགེ་སློང་དེ་དགེ་འདུན་གྱི་ནང་དུ་བླང་བར་བྱའོ། །​དགེ་འདུན་ཐམས་ཅད་དེར་དོང་བར་མི་བྱེད་དམ། དགེ་སློང་དེ་དགེ་འདུན་གྱི་ནང་དུ་ལེན་པར་མི་བྱེད་པར་མི་མཐུན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །​དགེ་སློང་ཡོངས་སུ་དག་པ་འབུལ་བར་བྱེད་པས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་རྣམས་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །​དགེ་སློང་དག་ངས་དགེ་སློང་ཡོངས་སུ་དག་པ་ལེན་པའི་ཀུན་དུ་སྤྱད་པའི་ཆོས་རྣམས་བཅའ་བར་བྱ་སྟེ། དགེ་སློང་ཡོངས་སུ་དག་པ་ལེན་པས་ཡོངས་སུ་དག་པ་བླངས་ནས་བརྒྱུག་པར་མི་བྱའོ། །​མགྱོགས་པར་མི་བྱའོ། །​མཆོང་བར་མི་བྱའོ། །​ཕྱི་རོལ་ལ་མཆོང་བར་མི་བྱའོ། །​འོབས་ལ་མཆོང་བར་མི་བྱའོ། །​བང་རིམ་ལ་མཆོང་བར་མི་བྱའོ། །​སྟེང་གི་ནམ་མཁའ་ལ་འདུག་པར་མི་བྱའོ། །​མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ། །​གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ལ་ཐོད་རྒལ་དུ་གཟེག་པར་མི་བྱའོ། །​གོམ་པ་གཅིག་གིས་ཐེམ་སྐས་ཀྱི་ཐེམ་པ་གཉིས་ལ་ཐོད་རྒལ་དུ་གཟེག་པར་མི་བྱའོ། །​ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱའོ། །​གཉིད་ལོག་པར་མི་བྱའོ། །​སྙོམས་པར་འཇུག་པར་མི་བྱའོ། །​གཉིད་ལོག་པར་བྱེད་པ་དང་སྙོམས་པར་འཇུག་པར་བྱེད་པ་ནི་རྒྱུ་གཉིས་ཀྱིས་སྨད་པར་བྱ་བ་ཡིན་ཏེ། ངོ་ཚ་མེད་པ་ཉིད་གང་ཡིན་པ་དང་། མ་ཀླས་པ་ཉིད་གང་ཡིན་པས་སོ། །​གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ཀྱི་ཡོངས་སུ་དག་པ་རྗོད་ཅིག །​བརྗོད་པ་ཡང་རིག་པར་གྱིས་ཤིག་ཅེས་སྨྲས་པའི་ཚེ་དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །​ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅྭ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1882#UT22084-001-002-1882