བསུས་ནས་ལྷུང་བཟེད་དང་ཆོས་གོས་དག་བླང་བར་བྱའོ། །​ཁྲུས་བྱ་ཞིང་དགེ་འདུན་ལ་ཡང་སྣུམ་བག་གི་རྙེད་པ་དབུལ་བར་བྱའོ། །​དེ་དག་ལ་གནས་བསྟབས་པ་དང་། གནས་མལ་བསྟབས་པ་དང་། ལས་བསྟབས་པ་དང་། རྙེད་པ་བསྟབས་པ་དང་། བསྙེན་བཀུར་བ་བསྟབས་པ་དང་། ཆོས་མཉན་པ་སྦྱིན་པར་བྱའོ། །​གལ་ཏེ་ལ་ལ་ཞིག་དེ་ན་འདི་སྐད་ཅེས། ཚེ་དང་ལྡན་པ་དག་རབ་ཏུ་བྱུང་བ་དག་ཏུ་འདྲ་ན་ཅིའི་ཕྱིར་དགེ་སློང་དེ་དག་ལ་ནི་མཆོད་པར་འོས་པར་བྱེད་ལ། ཁོ་བོ་ཅག་ལ་ནི་འོས་པར་མི་བྱེད་ཅེས་ཟེར་ན་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་སྟོན་པ་འདས་པའི་གསུང་རབ་ལ་འདི་ནི་སྟོན་པའོ། །​འདི་ནི་རྟེན་ཏེ། འདི་ལྟ་སྟེ་མདོ་སྡེ་དང་། འདུལ་བ་དང་། མ་མོའོ། །​དེ་ཡང་ཚེ་དང་ལྡན་པ་དེ་དག་གིས་རྒྱ་ཆེར་བཀླགས་ཤིང་ཐོན་པས་དེའི་ཕྱིར་འདི་དག་ནི་མཆོད་པར་འོས་པ་ཡིན་གྱི་ཁྱོད་ནི་མ་ཡིན་ནོ། །​ཞེས་བརྗོད་པར་བྱའོ། །འདི་ལྟ་སྟེ་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལྗོངས་རྒྱུར་འདོང་བར་འདོད་ན། དེ་དག་ལ་མཁན་པོ་དང་སློབ་དཔོན་དག་གིས་རྣམ་པ་གང་གིས་ཀྱང་གནང་བར་མི་བྱའོ། །​གལ་ཏེ་རྐྱེན་དེ་ལྟ་བུ་ཞིག་བྱུང་ན་ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་ཞིག་ན་དགེ་སློང་གི་དགེ་འདུན་གྱི་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་ཤིང་། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དང་ཡོན་ཏན་དང་ལྡན་པ་དེས་པ་དགེ་བའི་ཆོས་ཅན་དག་འཁོད་ཀྱིས། དེ་དག་གིས་འགྱོད་པ་མ་སྐྱེས་པ་ནི་སྐྱེད་པར་མི་འགྱུར་ལ་སྐྱེས་པ་ནི་སེལ་བར་འགྱུར་གྱིས་དེར་དེང་ཤིག་ཅེས་བརྗོད་པར་བྱའོ། །​གལ་ཏེ་བསྟན་པ་དེ་ལས་གཞན་དུ་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །​དེ་ནས་བཅོམ་ལྡན་འདས་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མཚན་མོ་ཡོལ་གྱིས་གསོ་སྦྱོང་གྱིས་ཤིག །​དེ་ནས་དགེ་སློང་ཞིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1880#UT22084-001-002-1880