བྱས་པ་ཡིན་ནོ། །​གསོལ་བ་བྱས་ཏེ་གླེང་གཞི་ཡང་བཏོན། ཕམ་པར་འགྱུར་བའི་ཆོས་བཞི་ཡང་བཏོན། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་ཡང་བཏོན་ནས་ལྷག་མ་ཐོས་པས་སྒྲོགས་པར་བྱེད་ན་དགེ་འདུན་གྱིས་སོ་སོར་ཐར་པ་བཏོན་ཅིང་གསོ་སྦྱོང་བྱས་པ་ཡིན་ནོ། །​གསོལ་བ་བྱས་ཏེ་གླེང་གཞི་ཡང་བཏོན། ཕམ་པར་འགྱུར་པའི་ཆོས་བཞི་ཡང་བཏོན། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་ཡང་བཏོན། མ་ངེས་པའི་ཆོས་གཉིས་ཀྱང་བཏོན་ནས་ལྷག་མ་ཐོས་པས་སྒྲོགས་པར་བྱེད་ན་དགེ་འདུན་གྱིས་སོ་སོར་ཐར་པ་བཏོན་ཅིང་གསོ་སྦྱོང་བྱས་པ་ཡིན་ནོ། །​སོ་སོར་ཐར་པས་འདོན་པ་རྒྱས་པར་བཏོན་པ་ནི་ལྔ་པ་ཡིན་ནོ།​། །​།སྡོམ་ལ། གནས་དང་དབྱར་སྔ་ཕྱི་མ་དང་། །​གློ་བུར་བ་དང་རྒྱུ་བ་དང་། །​མཚན་ཡོལ་གསོ་སྦྱོང་གྱིས་ཤིག་དང་། །​སེམས་བསྐྱེད་པ་ཡིས་གསོ་སྦྱོང་བྱ། །​འདི་ལྟ་སྟེ་གནས་ཤིག་ན་དགེ་སློང་རབ་ཏུ་མང་པོ་དག་འཁོད་པ་དེ་དག་འདི་ལྟར་དགེ་སློང་ཆེ་གེ་མོ་ཞིག་ལ་སོ་སོར་ཐར་པ་སྣང་ངོ་། །​དགེ་སློང་ཆེ་གེ་མོ་ཞིག་ལ་སོ་སོར་ཐར་པ་སྣང་ངོ་། །​སྙམ་པ་ལས་དེ་དག་གི་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་སུ་ལ་ཡང་སོ་སོར་ཐར་པ་མི་སྣང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་གནས་བསྟབས་པ་དང་། གནས་མལ་བསྟབས་པ་དང་། ལས་བསྟབས་པ་དང་། རྙེད་པ་བསྟབས་པ་དང་། བསྙེན་བཀུར་བ་བསྟབས་པ་དང་། དགེ་སློང་གང་ལ་སོ་སོར་ཐར་པ་སྣང་བ་གཉེར་བར་བྱའོ། །​གལ་ཏེ་དགེ་སློང་གང་ལ་སོ་སོར་ཐར་པ་སྣང་བ་ཞིག་རྙེད་ན་དེ་ལྟ་ན་ལེགས། འོན་ཏེ་མ་རྙེད་ན་དགེ་སློང་དེ་དག་གིས་གནས་དེ་ཉིད་དུ་གསོ་སྦྱོང་གཞན་ལ་བསྡད་པར་མི་བྱའོ། །​སྡོད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །​འདི་ལྟ་སྟེ་གནས་ཤིག་ན་དགེ་སློང་རབ་ཏུ་མང་པོ་དག་དབྱར་སྔ་མར་གནས་པར་ཁས་བླང་བར་འདོད་ཅིང་དེ་དག་འདི་ལྟར་དགེ་སློང་ཆེ་གེ་མོ་ཞིག་ལ་སོ་སོར་ཐར་པ་སྣང་ངོ་། །​དགེ་སློང་ཆེ་གེ་མོ་ཞིག་ལ་སོ་སོར་ཐར་པ་སྣང་ངོ་སྙམ་པ་ལས། དེ་དག་གིས་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་སུ་ལ་ཡང་སོ་སོར་ཐར་པ་མི་སྣང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་གནས་བསྟབས་པ་དང་། གནས་མལ་བསྟབས་པ་དང་། ལས་བསྟབས་པ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1877#UT22084-001-002-1877