ནི་དག་ཅིང་མཆོག་ཏུ་དག་པ་དང་ལྡན་ནོ་སྙམ་དུ་སེམས་ལ་སེམས་ཀྱི་ཡོངས་སུ་རྟོག་པ་མ་བྱུང་ངམ། བཙུན་པ་བྱུང་ངོ་། །​ཀ་པི་ན་ཁྱོད་རེ་ཞིག་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་མི་འགྲོ་ན་གཞན་སུ་ཞིག་འགྲོ་བར་འགྱུར། ཁྱོད་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་ཉམས་སུ་མྱོང་བར་མི་བྱེད་ན། གཞན་སུ་ཞིག་ཉམས་སུ་མྱོང་བར་བྱེད། ཁྱོད་དགེ་འདུན་གྱི་བྱ་བ་དག་དང་། དགེ་འདུན་གྱི་བྱེད་པ་དག་ཏུ་མི་འགྲོ་ན་གཞན་སུ་ཞིག་འགྲོ་བར་འགྱུར། ཁྱོད་དགེ་འདུན་དང་ལྷན་ཅིག་དགེ་འདུན་གྱི་བྱ་བ་དག་དང་། དགེ་འདུན་གྱི་བྱེད་པ་དག་ཉམས་སུ་མྱོང་བར་མི་བྱེད། ན་གཞན་སུ་ཞིག་ཉམས་སུ་མྱོང་བར་བྱེད། ཀ་པི་ན་དེ་ལྟ་བས་ན་ཁྱོད་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་མི་འགྲོ་བར་མ་བྱེད་པར་སོང་ཤིག །​ཀ་པི་ན་ཁྱོད་དགེ་འདུན་གྱི་གསོ་སྦྱོང་ཉམས་སུ་མི་མྱོང་བར་མ་བྱེད་པར་ཉམས་སུ་མྱོང་བར་བྱོས་ཤིག །​ཀ་པི་ན་ཁྱོད་དགེ་འདུན་གྱི་བྱ་བ་དག་དང་། དགེ་འདུན་གྱི་བྱེད་པ་དག་ཏུ་མི་འགྲོ་བར་མ་བྱེད་པར་སོང་ཤིག །​ཀ་པི་ན་ཁྱོད་དགེ་འདུན་དང་ལྷན་ཅིག་དགེ་འདུན་གྱི་བྱ་བ་དག་དང་། དགེ་འདུན་གྱི་བྱེད་པ་དག་ཉམས་སུ་མི་མྱོང་བར་མ་བྱེད་པར་ཉམས་སུ་མྱོང་བར་གྱིས་ཤིག །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ན་ཁྲིད་ནས་གསོ་སྦྱོང་གི་གནས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །​བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་དག་གིས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་གཅད་པ་རྗེས་སུ་གནང་ངོ་། །​བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་གཅད་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་ཇི་ལྟར་གཅད་པར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇེ་དང་པོར་དགེ་སློང་གནས་པ་དང་། གཉུག་མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོ་ཕྱོགས་བཞིའི་མཚན་མ་བརྟན་པོ་ཤར་ཕྱོགས་སུ་ནི་ཕ་བོང་གི་མཚན་མའམ། རྩིག་པའི་མཚན་མའམ། ཀ་བའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1859#UT22084-001-002-1859