ཉུང་ངུར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོན་བཤད་པ་ཧ་ཅང་ཉུང་ངུར་མི་བྱ་སྟེ། འདི་ལྟར་ཡོན་བཤད་པར་རན་པར་བྱའོ། །​དགེ་སློང་སྤོང་བའི་ཞལ་ཏ་བྱེད་པ་ཐམས་ཅད་ཀྱི་མཇུག་ཏུ་འདུ་ཞིང་ཐམས་ཅད་ཀྱི་མདུན་དུ་དགྱེས་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་སྤོང་བའི་ཞལ་ཏ་བྱེད་པ་ཐམས་ཅད་ཀྱི་མཇུག་ཏུ་དགྱེས་པར་བྱ་ཞིང་ཐམས་ཅད་ཀྱི་མདུན་དུ་འདུ་བར་བྱའོ། །​གལ་ཏེ་རྐྱེན་དེ་ལྟ་བུ་བྱུང་ན་དེས་ཕྱོགས་དབེན་པར་ལྡེ་མིག་སྦས་ཏེ། ཚེ་དང་ལྡན་པ་ཁོ་བོས་ཕྱོགས་ག་གེ་མོ་ཞིག་ཏུ་ལྡེ་མིག་སྦས་ཀྱིས་ཕྱེ་ལ་ཞུགས་ཤིག་ཅེས་བརྗོད་པར་བྱའོ། །​དགེ་སློང་སྤོང་བའི་ཞལ་ཏ་བྱེད་པས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་དག་ཡང་དག་པར་བླངས་ཏེ་མི་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །​དེ་ནི་འདུག་པ་ཞེས་བྱའོ། །​བྱ་བ་གང་ཞེ་ན། དགེ་འདུན་གྱིས་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་གང་ཡིན་པ་དེ་འདི་ནི་བྱ་བ་ཞེས་བྱའོ། །​གསོ་སྦྱོང་གང་ཞེ་ན། དགེ་སློང་དག་ངས་སོ་སོར་ཐར་པའི་མདོ་གདོན་པ་སྟོན་པ་གང་ཡིན་པ་སྟེ། དེ་ཁྱེད་ཀྱིས་དེང་ཕྱིན་ཆད་ཟླ་བ་ཕྱེད་ཕྱེད་ཅིང་གདོན་པར་བྱའོ། །​བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་སུས་གདོན་པར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ། །​བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་དེའི་གནས་ཁང་དུ་འདུ་བར་བྱེད་པ་ན་དེ་དག་དེར་མི་ཤོང་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་དུ་གདོན་པར་མི་བྱའོ། །​དེ་དག་ཁྱམས་སུ་གདོན་པར་བྱེད་པ་ན་དེར་ཡང་མི་ཤོང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱིས་གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ། །​བཅོམ་ལྡན་འདས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1855#UT22084-001-002-1855