བུ་དང་། ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱིས་གཞིར་མི་འབབ་པ་དང་། དེས་སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་གནོད་པ་མེད་པ་ཉིད་དུ་རིམ་གྲོ་བྱེད་དུ་འཛུད་དོ། །​དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། གསལ་བ་གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟེངས་མཐོ་བ་ཞིག་བཙས་སོ། །​བཙས་ནས་དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །​ཁྱེའུ་འདི་ལྷ་པང་དུ་བླངས་ནས་ཐོབ་པས། བྲམ་ཟེའི་ཁྱེའུ་འདིའི་མིང་པང་ནས་སྐྱེས་སུ་གདགས་སོ་སྙམ་ནས་དེའི་མིང་པང་ནས་སྐྱེས་ཞེས་བྱ་བར་བཏགས་སོ། །​གཞན་ཡང་མཽད་གལ་གྱི་རིགས་ཡིན་པས་བྲམ་ཟེའི་ཁྱེའུ་འདིའི་མིང་མཽད་གལ་གྱི་བུར་གདགས་སོ་སྙམ་ནས་དེའི་མིང་མཽད་གལ་གྱི་བུ་ཞེས་བྱ་བར་ཡང་བཏགས་སོ། །​དེ་ན་ཁ་ཅིག་གིས་ནི་བྲམ་ཟེའི་ཁྱེའུ་མཽད་གལ་གྱི་བུ་ཞེས་བྱ་བར་ཤེས་སོ། །​ཁ་ཅིག་གིས་ནི་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཞེས་བྱ་བར་ཤེས་སོ། །​བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །​དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་མྱུར་དུ་སྐྱེད་པར་བྱེད་དོ། །​དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་པ་དང་། འབྱེད་པ་དང་། ཀློག་པའི་ཕ་རོལ་དུ་སོན་ཅིང་། དེའི་ཚེ་ན་བྲམ་ཟེའི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་། ཀུན་དུ་སྤྱོད་པ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1/UT22084-001-001-29071#UT22084-001-001-29071