པར་འགྱུར་རོ། །​འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །​བཞི་གང་ཞེ་ན། འདོད་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །​འདོད་པ་སྤངས་པ་ནི་བསྔགས་ཏེ་བོར་བ་དང་། བསྩལ་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། ཉེ་བར་ཞི་བ་དང་། ནུབ་པ་ནི་བསྟོད་དོ། །​བཀུར་རོ། །བསྔགས་སོ། །​སྙན་པར་བརྗོད་དོ། །​ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཆགས་པའི་སེམས་ཀྱིས་བུད་མེད་ལ་མིག་གཏད་དེ་མིག་གིས་བལྟ་བར་ཡང་མི་བྱ་ན། གཉིས་ཀྱིས་གཉིས་སྤྲད་དེ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ཕམ་པ་ལྟུང་བར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླང་དུ་མེད་པར་འགྱུར་རོ། །​འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །​དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1/UT22084-001-001-29157#UT22084-001-001-29157